ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་མི176ཞུགས་དགོས་པ་དང་། དངོས་སུ་ཞུགས་པའི་མི175ཡོད་ལ་ཞུགས་མ་ཐུབ་པའི་མི1ཡོད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
གྲོས་ཚོགས་ལས་ཐོག་མར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་བསྐོ་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འགན་ཁུར་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་བསྡུ་རྒྱུ་མ་ཟད་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱ་རྒྱུ་རེད།
གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཉིན་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱི་ཉིན་རིམ་གཞིར་བཟུང་ནས། ཐེངས་འདིའི་ཚོགས་ཆེན་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་མགོ་རྩོམ་པ་དང་ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་རྒྱུ་ཡིན་ལ་ཚོགས་ཡུན་ཉིན7རེད།
རྒྱལ་ཡོངས་དམངས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་གྱི་གཏན་འབེབས་ལྟར་ན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགས་ཚོགས་ཆེན་ཐེངས་རེ་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་རྒྱུར་འདེམས་བསྐོ་བྱས་ཡོད། བརྡས་ཐག་བཅད་པ་བརྒྱུད་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམས་བསྐོ་བྱས།
གྲོས་ཚོགས་ཐོག་བརྡས་ཐག་བཅད་རྗེས། ལིའུ་ཆི་དང་ལིའུ་ཅུན་ཁྲིན། ཞིན་ཁྲུན་དབྱིན། ལོའུ་ཆིན་ཅན། ཁུང་ཧྲའོ་ཞུན། ཝང་དབྱང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གཏན་འཁེལ་བྱས། གྲོས་ཚོགས་ཐོག་ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར་རྒྱུའི་གཏན་འཁེལ་བྱས།
གྲོས་ཚོགས་ཐོག་བརྡས་ཐག་བཅད་རྗེས། ཚོགས་ཆེན་གྱི་སྐབས་སུ་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ནི་ཟླ3པའི་ཚེས8ཉིན་གྱི་ཆུ་ཚོད12སུ་གཏན་འཁེལ་བྱས། གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་ཚབ་ཚོགས་པ་དང་འཐུས་མིས་ཚོགས་ཆེན་གྱི་སྐབས་སུ་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱེད་པ་དང་། ཐག་གཅོད་བསམ་འཆར་འདོན་པ། ཀྲུའུ་ཞི་ཚོགས་པར་སྙན་ཞུ་བྱས་ནས་ཐག་གཅོད་བྱེད་དགོས།