2025ལོའི་མཚོ་སྔོན་ཞིང་ཆེན་གྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་ཕན་ཉིན་མོའི་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས།
ཟླ3པའི་ཚེས3ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་ཕན་ཉིན་མོའི་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུ་ཟླ་བའི་བྱེད་སྒོ་དངོས་སུ་འགོ་ཚུགས།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོབ་བྱ་ཆེད། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གཏན་འཁེལ་བྱས་པའི2025ལོའི་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོ་ནི“ཡིད་ཚིམ་པའི་འཛད་སྤྱོད་མཉམ་སྐྲུན་བྱེད”ཅེས་པ་དེ་ཡིན། བརྗོད་གཞི་འདིས་འཛད་སྤྱོད་ཉམས་ལེན་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་སྲིད་ཇུས་ལག་བསྟར་བྱ་བར་རོགས་རམ་བྱེད་པ། འཛད་སྤྱོད་ཤེས་བྱ་ཁྱབ་སྤེལ་དུ་གཏོང་བ་བཅས་ཕན་འབྲས་ཡོད་པའི་སྒོ་ནས་འཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། དོན་དངོས་སུ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ལྟེ་བའི་འགན་འཁྲི་ཕྲག་ཏུ་ཁུར་བ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་སྤྱི་ཚོགས་ཐུན་མོང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཁྱོན་ཡོངས་ནས་འཛད་སྤྱོད་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་གྱིས“ཡིད་ཚིམ་པའི་འཛད་སྤྱོད་མཉམ་སྐྲུན་བྱེད”ཅེས་པའི་ད་ལོའི་བརྗོད་དོན་གཙོ་བོར་ཁ་ཕྱོགས་པ་དང་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་ཕན་ཉིན་མོའི་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུ་ཟླ་བའི་བྱེད་སྒོའི་ཇུས་གཞི》བཟོས་པ་དང་། “1+3+N”ཡི་བྱེད་སྒོ་རབས་དང་རིམ་པ་རྩ་འཛུགས་བྱས་ཏེ“ཡིད་ཚིམ་པའི་འཛད་སྤྱོད་མཉམ་སྐྲུན་བྱེད”ཅེས་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོའི་གཙོ་གནད1ལ་ཁ་ཕྱོགས་པ་དང་། ཟླ3པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུ་ཟླ་བར་བརྩིས་ནས་ཕྱོགས་དྲུག་གི་བྱེད་སྒོ་ཁག20ལྷག་གཅིག་སྡུད་ངང་སྤེལ་རྒྱུ་རེད།
བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་ཡིན་ལ། མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་གཅིག་ཏུ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་མཉམ་ཤུགས་བེད་སྤྱོད་བྱེད་པར། ཟླ3པའི་ཚེས15ཉིན་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་ཕན་ཉིན་མོའི་ཡུལ་དངོས་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུའི་བྱེད་སྒོ་འཚོག་པ་དང་། སྨྱན་སྦྱོར་གཙོ་བོ་དང་སྒེར་གྱི་སྨྱན་སྦྱོར་ཁྱབ་ཁོངས་གཉིས་སུ་དྲིལ་སྒྲོག་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཡོངས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་པ། འཛད་སྤྱོད་པའི་སྒོ་དབྱེའི་ཉིན་མོའི་ཉམས་ལེན་བྱེད་སྒོ་གསུམ་སྤེལ་བ་དང་འཛད་སྤྱོད་པ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་བསྐྲུན་ནས་འཛད་སྤྱོད་པ་དག་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་པ་དང་ཁེ་ལས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་བཅས་གདན་ཞུ་བྱས་ཏེ“12315”ཞབས་ཞུའི་ལྟེ་གནས་ཀྱི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། འཛད་སྤྱོད་པའི་བློ་འདྲིའི་ཞུ་གཏུག་ཐེར་འདོན་གྱི་བརྒྱུད་རིམ་ལ་བར་ཐག་མེད་པར་ཉམས་ལེན་བྱས་ཏེ། ཞུ་གཏུག་བདག་སྤྲོད་ཀྱི་བརྒྱུད་རིམ་ལ་གདོང་གཏད་དང་ཁེ་དབང་སྲུང་སྐྱོང་མཐོང་ཐུབ་པ། ཐེར་འདོན་བྱེད་མཁན་གཙོ་གཟུགས་ལ་བློ་ཡིད་ཚིམ་དུ་འཇུག་པ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་མཛུབ་ཁྲིད་ཁག་བཞི་ཁྱབ་སྒྲོག་བྱས་ཐོག འཛད་སྤྱོད་པས་ལུགས་མཐུན་འཛད་སྤྱོད་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ། ཕན་འབྲས་ཡོད་པའི་སྒོ་ནས་འཛད་སྤྱོད་པས་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་པར་གྲོས་འགོ་འདོན་སྤྲོད་བྱ་དགོས་ལ། འཛད་སྤྱོད་སློབ་གསོའི“འཕར་ལྔའི”བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཤེས་བྱ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་མཐར། འཛད་སྤྱོད་པའི་རང་སྲུང་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་ཆེད་དོན་བྱ་འགུལ་ཁག་དྲུག་སྤེལ་བ་དང་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་བཅས་འཛད་སྤྱོད་ཀྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་རེད།