ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་གྱིས《རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལས་དོན་འཆར་གཞི(2024ལོ་ནས2028ལོའི་བར)》པར་འགྲེམས་བྱས་པ་མ་ཟད་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།
《རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལས་དོན་འཆར་གཞི(2024ལོ་ནས2028ལོའི་བར)》ཀྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ་དང་། ཏང་ཡོན་དཔུང་ཁག་སྲ་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་མུ་མཐུད་དུ་ཆེ་རུ་གཏོང་ཆེད། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོའི་དོ་དམ་ལས་དོན་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞིར་བཟུང་འཆར་འགོད་འདི་བཟོས་པ་ཡིན།
གཅིག སྤྱིའི་བླང་བྱ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དེ་ཆབ་སྲིད་ལས་འགན་ཨང་དང་པོར་འཛིན་པ་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་། བྱང་ཚད་མཐོར་འདེགས་གཏོང་བ། ནུས་པ་འདོན་སྤེལ་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། ཆབ་སྲིད་ཀྱི་ སྣེ་ཁྲིད་དང་རིགས་དབྱེ་མཛུབ་ཁྲིད། བདེན་སྲུང་གསར་གཏོད། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་ཀྱིས་ཏང་ཡོན་ཡོངས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། གསར་གཏོད་ཡར་རྒྱས་དང་ལས་སྒྲུབ་ལས་གཏོད་བཅས་ཀྱི་སྒོ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློ་ཆབ་སྲིད་ཀྱི་འགན་ལེན་དང་ནུས་པའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།
དམིགས་ཡུལ་གཙོ་བོ་ནི། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་ནས་ཕན་འབྲས་དེ་བས་ཆེ་བ་ལེན་པ་དང་། རྒྱ་ཆེའི་ཏང་ཡོན་གྱིས་བསམ་བློ་གལ་ཆེན་དེའི་ཚན་རིག་མ་ལག་དང་། སྲོག་ཤིང་གི་ནང་དོན། ལག་ལེན་གྱི་བླང་བྱ། དེའི་ནང་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་ཐབས་ཤེས་བཅས་ལ་སྔར་ལས་རྒྱུས་ལོན་དང་ཁོང་དུ་ཆུད་པ། ཡང་དག་པ། ཕྱོགས་ཡོངས་སུ་བྱས་ཏེ། བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་སྔར་ལས་བློ་བརྟན་འགྱུར་མེད་དང་རང་རྟོགས་ལྡན་པར་བྱ་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གི་ནུས་པ་སྔར་བས་འབུར་དུ་བཏོད་པ་དང་། རྒྱུན་གཏན་སློབ་གསོ་སྔར་བས་ཚད་ལྡན་དུ་གཏོང་བ། རྒྱུན་ལྡན་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་ལག་རྩལ་བེད་སྤྱོད་སྔར་བས་གང་ལེགས་བྱེད་པ། གོང་འོག་མཉམ་འགུལ་དང་འཕྲེད་ཕྱོགས་མཐུན་སྦྱོར་གྱི་ལས་ཀའི་རྣམ་པ་སྔར་བས་འཐུས་ཚང་དུ་གཏོང་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གི་ཕན་འབྲས་སྔར་བས་མཐོ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་གྱི་ཕུགས་བསམ་དད་སེམས་དང་ཆབ་སྲིད་ལངས་ཕྱོགས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་བ། སྒྲིག་ཁྲིམས་སྤྱོད་ཚུལ་སྔར་བས་ནན་མོར་གཏོང་བ། ཏང་གཤིས་བློ་སྦྱོང་དང་ལག་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།
གོང་གསལ་གྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྟེ་བའི་ནང་དོན་དུ་བྱས་ཏེ། ཏང་ནང་ཁུལ་གྱི་གཅིག་བསྡུས་སློབ་གསོ་སྤེལ་བ་དང་ཏང་ཡོན་གྱི་རྒྱུན་ལྡན་སློབ་གསོ་དམ་འཛིན་བྱེད་པའི་རྨང་གཞིའི་ཐོག ལོ་ལྔ་ཡས་མས་སྤྱད་དེ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་གསོ་དང་ཆབ་སྲིད་སློབ་གསོ། ཆབ་སྲིད་སྦྱོང་བརྡར། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ཁྲིམས་སློབ་གསོ། ཏང་གི་དམིགས་ཡུལ་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། གནས་བབ་སྲིད་ཇུས་སློབ་གསོ། ཤེས་བྱ་རྩལ་ནུས་སློབ་གསོ་སོགས་གཞི་རྩའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་ཡོན་ལ་རིམ་པ་དང་རིགས་དབྱེ་ནས་སྒྲིག་འཛུགས་ལྡན་པའི་ཆེད་དོན་གསོ་སྦྱོང་བྱས་ནས། ཏང་ཡོན་ཡོངས་ལ་སྦྱོང་བརྡར་གང་ལེགས་ཡོང་བརའགན་ལེན་བྱེད་དགོས། ཏང་ཡོན་གྱིས་ལོ་ལྔའི་ནང་གཅིག་སྡུད་སློབ་སྦྱོང་གསོ་སྦྱོང་སྣ་ཚོགས་ལ་ཞུགས་པའི་བསྡོམས་འབོར་ཉིན20ངམ་ཡང་ན་སློབ་ཡུན་ཆུ་ཚོད160ལས་མི་ཉུང་བ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལོ་ལྔའི་ནང་གཅིག་སྡུད་སློབ་སྦྱོང་དང་གསོ་སྦྱོང་རིགས་སོ་སོའི་ནང་ཞུགས་པ་དང་། དེའི་ནང་ལོ་རེར་རྫོང་རིམ་པ་ཡན་གྱི་ཏང་ཨུས་གཉེར་བའི་ལས་བྲལ་གསོ་སྦྱོང་ནང་ཞུགས་ཏེ། སྤྱིར་བཏང་དུ་ཉིན་ལྔ་སམ་ཡང་ན་སློབ་ཡུན་ཆུ་ཚོད40ལས་མི་ཉུང་བ་བྱེད་དགོས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་སློབ་གསོའི་སློབ་ཡུན་གྱིས་སྤྱིའི་སློབ་ཡུན་གྱི50%ཡན་ཟིན་དགོས། ཏང་ཡོན་ལས་བྱེད་པས་སློབ་ཡུན་གྱི་བླང་བྱ་དེ་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་གཞི་ལྟར་ལག་བསྟར་བྱ་དགོས། ལོ་ན་རྒས་པ་དང་ལུས་སྟོབས་ཞན་པ། འགུལ་སྐྱོད་སྟབས་བདེ་མེད་པའི་ཏང་ཡོན་རྣམས་གཅིག་སྡུད་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་གཏན་ཁེལ་གྱི་བླང་བྱ་མེད།
གཉིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་དུ་སྤྱད་དེ་ཏང་ཡོངས་ཀྱི་བསམ་བློ་འདོད་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་དགོས།
(གཅིག)སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་གཙོ་བོའི་གཙོ་ཐིག་སློབ་སྦྱོང་དང་ལག་བསྟར་འབུར་ཐོན་དུ་བྱས་ཏེ། རྫོང་རིམ་པ་ཡན་གྱི་ཏང་ཨུས་གཅིག་གྱུར་འཆར་འགོད་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་གཏིང་ཟབ་དང་དོན་དངོས་སུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་སློབ་སྦྱོང་སློབ་གསོའི་འཆར་གཞི་དོན་འཁྱོལ་བྱེད་པར་ཏང་ཨུ་རིམ་པ་ཁག(ཏང་ཙུའུ)གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལོ་རེར་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་དགོས་ལ། ཏང་ཀྲི་པུའུ་ཡིས་ཐུན་མོང་སློབ་སྦྱོང་དང་ཏང་ཡོན་མི་སྒེར་གྱི་རང་སྦྱོང་སྒྲིག་འཛུགས་ཡག་པོ་བྱེད་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་ཁུངས་ཀྱིས་སློབ་ཚན་བཀོད་སྒྲིག་དང་སློབ་ཁྲིད་བྱེད་ཐབས་འཐུས་ཚང་དུ་བཏང་ནས། རིགས་པའི་གཞུང་ལུགས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་ཡོན་གྱིས་མ་རྩོམ་ཀློག་དགོས་པ་དང་། མ་ཡིག་སློབ་དགོས་ལ། རྩ་བའི་རིགས་པ་རྟོགས་དགོས། 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》དང《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། 》《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཆེད་དོན་གཅེས་བཏུས》སོགས་བརྩམས་ཆོས་གལ་ཆེན་སློབ་སྦྱོང་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམསཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་དགོས།
(གཉིས)གསལ་འགྲེལ་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་སློབ་ཚན་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་ནས། རྒྱ་ཆེའི་ཏང་ཡོན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་ཚགས་ལེན་པར་ཁྲིད་སྟོན་བྱེད་དགོས། “ཏང་གི་སློབ་ཚན་ཁྲིད་འགོ་ཚུགས་པའི”བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས། ཏང་གི་སློབ་ཚན་ཁྲིད་པ་དང་ཕུལ་བྱུང་ཏང་གི་སློབ་ཚན་འགྲེམས་སྟོན་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ཏེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་ཡོན་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བླང་བྱ་ལྟར་དུས་བཅད་ནང་ཏང་གི་སློབ་ཚན་ཁྲིད་སྦྱོང་བྱེད་དགོས། གཙོ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་བེད་སྤྱོད་ཡག་པོ་བྱས་ཏེ། གཞི་རིམ་ཏང་ཡོན་ལ་ཁ་ཕྱོགས་ནས་གསོན་ཉམས་དོད་པའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སོགས་དང་མཉམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་གསལ་འགྲེལ་དང་འགྲེལ་བཤད་བྱེད་པའི་སློབ་ཚན་སྤུས་ལེགས་དང་ཀློག་དེབ་དུས་ཐོག་ཏུ་འདོན་དགོས།
(གསུམ)ཡུན་ཕན་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས་པ་དང་། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ཕུགས་བསམ་དད་སེམས་སློབ་གསོ། ཏང་གཤིས་སློབ་གསོ་བཅས་ཟུང་འབྲེལ་བྱས་ཏེ། ཏང་ཡོན་རྩ་འཛུགས་བྱས་ནས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་སྦྱོང་དང་། ཆབ་སྲིད་ཀྱི“སྐྱེས་སྐར”རོལ་བ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་མུ་མཐུད་དུ་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བེད་སྤྱོད་བྱེད་པར་མཐོང་ཆེན་བྱས་ནས། ཚོགས་སྤྱི་མི་འདྲ་བའི་ཏང་ཡོན་གྱི་དོན་དངོས་ལ་དམིགས་ཏེ། ལས་གནས་འཛུགས་པ་དང་འགན་འཁྲི་གཏན་འཁེལ་བྱེད་པ་དང་། ཁས་ལེན་ལག་བསྟར་བྱེད་པ་སོགས་ཀྱིས་ཏང་ཡོན་གྱིས་ལས་གནས་གཞིར་བཟུང་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་བྱེད་དགོས། “ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱེད་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་བ་དང་། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
གསུམ། རིམ་པ་དང་རིགས་དབྱེ་ནས་ཆེད་དོན་གསོ་སྦྱོང་བྱས་ཏེ། ཏང་ཡོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
(བཞི)ཆེད་དོན་གསོ་སྦྱོང་གི་ཆབ་སྲིད་ཀྱི་སྣེ་ཁྲིད་རང་བཞིན་དང་རིགས་དབྱེ་མཛུབ་ཁྲིད་རང་བཞིན་འབུར་ཐོན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་ཡོན་ལ་ཆེད་དོན་གསོ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་གཙོ་ཐིག་དང་། ལས་འགན་གཙོ་བོ། ནང་དོན་གཙོ་བོ་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་གནས་སའི་ཁྱབ་ཁོངས་དང་ལས་རིགས་ཀྱི་དོན་དངོས་ལ་དམིགས་ཏེ། ཁོང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་ཁུལ་དེ་གའི་སྡེ་ཁག་དེ་གའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་གཏམ་བཤད་གལ་ཆེན། མཛུབ་སྟོན་མཆན་བཀོད་གལ་ཆེན་བཅས་ཀྱི་དགོངས་དོན་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས།
(ལྔ)གྲོང་གསེབ་ཀྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། “ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། དངོས་འཐབ་རྩལ་ནུས་གསོ་སྦྱོང་ལ་མཐོང་ཆེན་བྱས་ནས། གྲོང་གསེབ་ཀྱི་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་དཔེ་སྟོན་བྱེད་པ་དང་། ཛ་དྲག་དང་ཉེན་ཁ་ཆེ་བའི་ལས་འགན་འཁུར་སྐབས་སྣེ་ཁྲིད་བྱེད་པར་ཁྲིད་སྟོན་བྱེད་དགོས། ཞིང་ཆེན་སོ་སོའི(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་ཏང་ཡོན་གཅིག་སྡུད་རེས་འཁོར་གསོ་སྦྱོང་བྱེད་པའི་འཆར་གཞི་བཟོ་དགོས་པ་དང་། ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་དགོས།
(དྲུག)གྲོང་ཁྱེར་སྡེ་ཁུལ་གྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་ཡོན་རྣམས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པ་དང་མི་དམངས་ལ་དོན་དངོས་སྒྲུབ་པའི་ཞབས་ཞུ་སོགས་ཐད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཞིང་ཆེན་སོ་སོའི(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་ཡོན་གྱི་ཆེད་དོན་གསོ་སྦྱོང་འཆར་གཞི་གཏན་འབེབས་བྱས་ནས་སྒྲིག་འཛུགས་དང་ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས།
(བདུན)ལས་ཁུངས་ཀྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་སེམས་བདེ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ཏེ། ལས་ཁུངས་ཏང་ཡོན་རྣམས་ཀྱི་ཆབ་སྲིད་ཀྱི་ལྷག་བསམ་དཀར་བ་དང་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤྱོད་གཙང་སྲིད་ཞུགས། དམངས་ཀྱི་ཆེད་དུ་དོན་གཉེར་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གྲུབ་འབྲས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ལས་ཁུངས་ཀྱིས་ལས་རིགས་མ་ལག་ཁྲིད་རྒྱུར་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དཀྱུས་མའི་ཆེད་དོན་གསོ་སྦྱོང་རྒྱ་བསྐྱེད་གཏོང་དགོས།
(བརྒྱད) བྱ་ལས་སྡེ་ཚན་གྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ཚན་རྩལ། འཕྲོད་བསྟེན་བདེ་ཐང་ལས་དོན་སོགས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བྱ་ལས་སྡེ་ཚན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། བྱ་ལས་སྡེ་ཚན་གྱི་ཏང་ཡོན་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་། ཆེད་ལས་བྱང་ཚད། ལས་རིགས་ཀུན་སྤྱོད་བཅས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། བསམ་བློ་རིག་གནས་དྲིལ་བསྒྲགས་མ་ལག་གི་བྱ་ལས་སྡེ་ཚན་གྱི་ཏང་ཡོན་རྣམས་ལ་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་བྱད་ལ་དོ་དམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་བྱས་ནས། ཁོང་ཚོའི་རྐང་ཤུགས་དང་མིག་ཤུགས་དང་ཀླད་ཤུགས་དང་སྨྱུག་ཤུགས་རང་རྟོགས་ངང་ཆེ་རུ་གཏོང་བར་སྣེ་ཁྲིད་དེ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དུ་འཇུག་དགོས། སློབ་གསོའི་ཁོངས་གཏོགས་ཀྱི་ཏང་ཡོན་རྣམས་ལ་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཀུན་སྤྱོད་ཀྱིས་མི་གཞི་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོར་གཉེར་པ་སོགས་དང་ཟུང་འབྲེལ་བྱེད་པ་དང་། སློབ་གསོ་མཁས་པའི་སྙིང་སྟོབས་ཀྱིས་དགེ་རྒན་གྱི་བླ་སྲོག་བསྐྲུན་ཤུགས་ཇེ་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོར“ཡོད་པ་བཞིའི”དགེ་རྒན་བཟང་པོའི་དཔེ་སྟོན་ཚད་གཞི་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཟོ་དགོས། སློབ་མ་ཏང་ཡོན་རྣམས་ལ་ཁོང་ཚོའི་བསམ་བློ་དང་བྱ་སྤྱོད་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་མཐོང་ཆེན་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བསམ་བློར་དྲག་ཆས་དང་བསམ་བློ་ཆབ་སྲིད་སློབ་ཚན་སློབ་གསོ། སྤྱི་ཚོགས་ལག་ལེན་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁོ་ཚོའི་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ལ་དྲིན་གཟོ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་པ་ཆེན་པོ་འཛུགས་པ། འགན་འཁུར་འབད་འཐབ་པ་བྱེད་པ་བས་ལ་ཁྲིད་སྟོན་བྱེད་དགོས།
ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཏང་ཡོན་ལ“ཁ་ཕྱོགས་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་མཁྲེགས་གཏོར་ལ་གཅིག་གྱུར་གྱིས་ཤུགས་སྣོན་རྒྱག་པ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོས་ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དྲིན་གཟོ་བ། ལས་བརྩོན་སྐྱེས་འབུལ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། སྨན་རྫས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཏང་ཡོན་རྣམས་ཀྱིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་བྱེད་ཕྱོགས་ལག་བསྟར་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོར་སྨན་པའི་ཀུན་སྤྱོད་དང་སྨན་པའི་སྤྱོད་ལམ་བརྩི་སྲུང་ནན་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ནས། མི་དམངས་ཀྱི་བདེ་ཐང་ལ་སྔར་ལས་ལྷག་པའི་སྒོ་ནས་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་བྱ་གཞག་སྡེ་ཚན་ཁག་གི་དོན་དངོས་དང་སྤྱི་ཕན་རང་བཞིན་དང་། ཞབས་ཞུའི་རང་བཞིན། ཆེད་ལས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། ཏང་ཡོན་གྱི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་དགོས།
(དགུ)ཁེ་ལས་ཀྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ལས་དོན་སོགས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྱོང་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཏང་ཡོན་གྱི་དད་སེམས་ཕུགས་འདུན་ཡིད་ཆེས་བརྟན་པོ་ཡོང་བར་ཁྲིད་སྟོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཡོན་གྱིས་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་སྟོབས་ཆེར་དང་ལེགས་བསྒྱུར། སྟོབས་ལྡན་དུ་གཏོང་བར་སྐུལ་འདེད་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོའི་འགན་འཁྲི་དང་ལས་འགན་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། དངུལ་རྩའི་ཁེ་ལས་ཀྱི་ཏང་ཡོན་རྣམས་ཀྱིས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། དངུལ་རྩའི་ཉེན་ཁ་འགོག་སྡོམ། དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོར་གཞུང་དྲང་ཡིད་རྟོན་དང་། ཁྲིམས་དང་སྒྲིག་སྲོལ་ལ་བསྟུན་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་རིག་གནས་དར་སྤེལ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དངུལ་རྩའི་མ་ལག་གི་རྩ་བ་དང་བླ་སྲོག་སྲུང་སྐྱོང་ཡག་པོ་བྱེད་པར་སྣེ་ཁྲིད་དགོས། རིམ་པོས་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཁོངས་གཏོགས(མངའ་ཁོངས)ཁེ་ལས་ཀྱི་ཏང་ཡོན་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་ཡག་པོ་བྱེད་དགོས།
(བཅུ)གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་གསོ་སྦྱོང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདེ་ཐང་གཉིས”དང་དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཟུང་འབྲེལ་བྱས་ནས། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ཏང་གི་རྩ་འཛུགས་དང་ལས་ཀ་ཁྱབ་པའི་སྤུས་ཚད་མཐོར་འདེགས་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་སོགས་ཆེ་རུ་གཏོང་བ་དང་། ཏང་ཡོན་ལ་ཏང་གཤིས་འདུ་ཤེས་དང་ཏང་གི་འདུ་ཤེས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ཏེ། ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ལས་རིགས་ཀྱི་རྩལ་ནུས་མཐོར་འདེགས་བཏང་སྟེ། སྔར་ལས་ལྷག་པར་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ཆེད་དོན་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱ་དགོས།
བཞི། བྱ་ཐབས་དང་གཞི་རྟེན་གསར་གཏོད་བྱས་ནས། ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།
(བཅུ་གཅིག)ཏང་ཡོན་གྱིི་སློབ་གསོའི་གསོ་སྦྱོང་བྱེད་སྟངས་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཏང་ཨུ(ཏང་ཙུའུ)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་བཅས་ནན་ཏན་ངང་སྤེལ་བ་དང་། དུས་བཅད་ལྟར་ཆེད་དོན་འཆད་ཁྲིད་དང་སྙན་ཞུའི་ཚོགས་འདུ་སོགས་གཉེར་བ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། དམངས་གཙོའི་ཏང་ཡོན་དཔྱད་ཞིབ། སེམས་གཏམ་གླེང་མོལ་སོགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཡོན་གྱི་རྒྱུན་ལྡན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། ཐོན་སྐྱེད་ལས་བྲལ་གསོ་སྦྱོང་ཚད་ལྡན་དུ་གཏོང་བ་དང་། གྱོད་དཔེ་གྲོས་བསྡུར་དང་མཉམ་འགུལ་སྤེལ་རེས། ཡུལ་དངོས་ཉམས་ལེན་སོགས་ཀྱི་བྱ་ཐབས་སྟབས་བསྟུན་ངང་སྤྱད་དེ། དུས་རིམ་དང་ཁག་དབྱེ་ནས་སྒྲིག་འཛུགས་ལག་བསྟར་བྱེད་དགོས། གཞི་རྩའི་གསོ་སྦྱོང་འཐུས་ཚང་དུ་གཏོང་བར་མཐོང་ཆེན་བྱས་ཏེ། བརྙན་ལམ་གཅིག་སྡུད་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ། སྤུས་ལེགས་སློབ་ཚན་ཐད་ཀར་ཡུལ་དངོས་དང་གཞི་རིམ་དུ་ཁྱབ་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཅིག་སྡུད་སློབ་སྦྱོང་དང་གྲོས་བསྡུར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྩ་འཛུགས་འཚོ་བའི་ལམ་ལུགས་དོན་འཁྱོལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(བཅུ་གཉིས)ཏང་ཡོན་སློབ་གསོའི་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཚད་ལྡན་གོ་རིམ་ལྡན་པ་དང་། ཞིབ་ཚགས་ནུས་ཆེ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་ཏང་ཡོན་དང་རིགས་སོ་སོའི་སློབ་གསོ་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་གསོ་སྦྱོང་བྱེད་ནུས་ཆེ་རུ་གཏོང་དགོས། གུང་ཁྲན་ཏང་ཡོན་གྱི་སློབ་གསོའི་སྟེགས་བུ་གཞི་གཅིག་ཅན་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། གུང་ཁྲན་ཏང་ཡོན་དྲ་བའི་དྲ་ཐོག་སློབ་ཚན་བཙུགས་ནས། གུང་ཁྲན་ཏང་ཡོན་དྲ་བ་དང་ཀྲུང་གོའི་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡི“དྲ་ཐོག་གི་ཏང་གི་སློབ་གྲྭ”དང“སློབ་སྦྱོང་གིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི”སློབ་སྦྱོང་སྟེགས་བུ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་དྲ་རྒྱའི་སློབ་སྦྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དྲ་རྒྱའི་སློབ་སྦྱོང་དང་བེད་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། དྲ་རྒྱའི་བར་སྟོང་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། གྲངས་གཞི་ཆེན་པོ་སོགས་ལག་རྩལ་སྤྱད་དེ། ཏང་ཡོན་སྦྱོང་བརྡར་དུ་ཞུགས་པའི་གནས་ཚུལ་ལ་འགུལ་རྣམ་དབྱེ་ཞིབ་བྱ་རྒྱུར་མཐོང་ཆེན་བྱས་ནས། སློབ་གསོའི་གསོ་སྦྱོང་གི་གནད་འཁེལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་སྟེགས་ཀྱི་ཆ་འཕྲིན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དྲ་རྒྱའི་བདེ་འཇགས་འགན་འཁྲི་ལམ་ལུགས་དང་། དྲ་རྒྱའི་བདེ་འཇགས་རིམ་པ་སྲུང་སྐྱོབ། གཞི་གྲངས་རིགས་དབྱེ་རིམ་དབྱེ་སྲུང་སྐྱོང་སོགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས།
ལྔ། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ།
(བཅུ་གསུམ)ལས་དོན་འགན་འཁྲི་ཁ་གསལ་བཟོ་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡི་གཙོ་གཞི་འགན་འཁྲི་དང་། གཞི་རིམ་སྡེ་ཚན་ཁག་གི་ཏང་ཨུ་དང་ཏང་ཙུང་ཀྲིའི་ཐད་ཀར་ལག་བསྟར་བྱེད་པའི་འགན་འཁྲི། ཏང་ཀྲི་པུའུ་ཡི་རྩ་འཛུགས་ཀྱི་ཞིབ་ཕྲའི་འགན་འཁྲི་བཅས་དམ་ཟབ་དུ་བཏང་སྟེ། རྩ་འཛུགས་སྡེ་ཚན་གྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནུས་པ། དྲིལ་བསྒྲགས་སྡེ་ཚན་གྱི་ནང་དོན་མཁོ་འདོན་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡི་སྤུས་ལེགས་སློབ་ཚན་མཁོ་སྤྲོད་འགན་སྲུང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་སྤྱི་ཁྱབ་ལ་དམ་འཛིན་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མཉམ་སྡོམ་མཉམ་འཛིན་དང་ལས་རིགས་མ་ལག་གཙོ་གཉེར་སྡེ་ཚན་གྱིས་ལས་བགོས་དོན་འཁྱོལ་བཅས་བྱེད་པའི་བྱ་བའི་རྣམ་པ་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་དགོས་པ་དང་། ཏང་ཡོན་སློབ་གསོ་གསོ་སྦྱོང་གི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། ལས་འགན་དོན་འཁྱོལ་ལ་འགན་ལེན་བྱེད་དགོས། སྐོར་སྐྱོད་ཏང་ཡོན་སློབ་གསོ་སྦྱོང་བརྡར་གྱི་འགན་འཁྲི་ཁ་གསལ་བཟོས་ནས། ཕྱིར་གཏོང་ས་ཁུངས(ལས་ཁུངས)དང་སྐོར་སྐྱོད་ས་ཁུངས(ལས་ཁུངས)ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་མཉམ་འགུལ་གྱིས་སྐོར་སྐྱོད་ཏང་ཡོན་སློབ་གསོ་སྦྱོང་བརྡར་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས།
(བཅུ་བཞི)ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་སྒྲིག་གཞིའི་འགན་ནུས་ཇེ་ལེགས་སུ་བཏང་ནས་སྒྲིག་སྲོལ་ལྟར་བྱ་བའི་སྟོབས་ཤུགས་བཀོད་སྒྲིག་དང་སྟོབས་ཆེར་གཏོང་དགོས། ལམ་ལུགས་འཛུགས་སྐྱོང་གཙོ་གནད་དུ་བཟུང་སྟེ། ཏང་ཡོན་སློབ་གསོའི་ལས་དོན་མ་ལག་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་ཡོན་གྱི་སློབ་གསོའི་དོ་དམ་དང་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་དང་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་། ཏང་ཡོན་ལ་དོ་དམ་ལྟ་སྐུལ་དང་ཞབས་འདེགས་ཞུ་བ་བཅས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་དང་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བར་མཐུན་སྦྱོར་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་གི་ལས་དོན་པའི་དུས་བཅད་རེས་འཁོར་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལོ་རེར་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་གསོ་སྦྱོང་གྲུབ་འབྲས་ཀྱིས་རྒྱ་ཆེའི་ཏང་ཡོན་ལ་ཕན་ཁེ་ཐོབ་པར་སྐུལ་འདེད་གཏོང་དགོས། སློབ་གསོའི་གསོ་སྦྱོང་གི་དགོས་མཁོར་བརྟག་ཞིབ་དང་སྐུལ་སློང་ཚོད་འཛིན་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཏང་ཡོན་སློབ་སྦྱོང་དང་སྦྱོང་བརྡར་ནང་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་གཏོང་དགོས། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་ཏང་ཡོན་སྦྱོང་བརྡར་ལམ་སྲོལ་བཙུགས་ནས། ཕྱོགས་མང་སྦྱོང་བརྡར་དང་བསྐྱར་ཟློས་སྦྱོང་བརྡར་སྔོན་འགོག་བྱ་དགོས།
(བཅོ་ལྔ)རྨང་གཞིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་དགེ་རྒན་གདན་ཞུའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རིམ་པ་དང་རིགས་དབྱེ་ནས་དགེ་རྒན་མཛོད་འཛུགས་དགོས་པ་མ་ཟད་འགུལ་རྣམ་དོ་དམ་བྱེད་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གི་ནང་དོན་ཐོན་ཁུངས་གསར་སྤེལ་དང་མཁོ་སྤྲོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་གནས་དང་སྡེ་ཚན་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤུས་ཚད་མཐོ་བའི་ཁྱད་ཆོས་ལྡན་པའི་སློབ་དེབ་དང་གྱོད་དཔེའི་སློབ་ཚན་གསར་སྤེལ་སྒྲིག་འཛུགས་བྱ་རྒྱུར་སྐུལ་མ་གཏོང་དགོས། རིམ་པ་སོ་སོའི་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། ཞང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཏང་གི་སློབ་གྲྭ་དང་། ཡུལ་དངོས་སློབ་ཁྲིད་ས་ཚིགས། རྒྱང་བསྟེན་སློབ་གསོའི་ས་ཚིགས་བཅས་འཛུགས་སྐྲུན་ཚད་ལྡན་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་རྟེན་གཞི་སྣ་ཚོགས་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སོགས་གཡུལ་ས་བེད་སྤྱོད་ཡག་པོ་བྱེད་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གྲོན་དངུལ་དེ་རིམ་པ་སོ་སོའི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་། རིམ་པ་སོ་སོའི་ཏང་ཨུས་ཉར་འཇོག་བྱས་པའི་ཏང་གི་གྲོན་དངུལ་གཙོ་བོ་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་བྱེད་པར་སྤྱོད་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། གྲོན་དངུལ་འགན་སྲུང་ལམ་སྲོལ་བརྟན་པོ་ཞིག་ཆགས་པར་བྱེད་དགོས། གསར་བརྗེའི་གནས་རྙིང་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་ས་ཁུལ་གྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལས་དོན་ལ་དགོས་ངེས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།
(བཅུ་དྲུག)སློབ་སྲོལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་བསྐྱོད། བདེན་འཚོལ་དངོས་གཉེར་བཅས་མཐའ་འཁྱོངས་དང་། སློབ་གསོ་ནན་སྐྱོང་དང་སློབ་གཉེར་ནན་སྐྱོང་མཐའ་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་དོན་དངོས་དང་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་དང་། གསོ་སྦྱོང་སྒྲིག་ཁྲིམས་དང་སློབ་མར་དོ་དམ་ནན་པོ་བྱེད་པ། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྩོན་བསྲི་གྲོན་ཆུང་ལག་བསྟར་ནན་པོ་བྱས་ནས། གསོ་སྦྱོང་གི་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱས་ནས་གཞི་རིམ་གྱི་ཁུར་པོ་དངོས་གནས་ཇེ་ཡང་ཏུ་གཏོང་དགོས་པ་དང་། “དམའ་རིམ་དམར་བསྒྱུར”དང“མཐོ་རིམ་ནག་བསྒྱུར”སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
(བཅུ་བདུན)ལྟ་སྐུལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་སྦྱོང་སྐོར་གྱི་རྒྱས་བཤད་དང་སྣེ་ཁྲིད། ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཏང་ཡོན་གྱི་ལས་བྲལ་གསོ་སྦྱོང་གི་ལོ་འཁོར་འཆར་གཞིའི་ཐོ་འགོད་དོ་དམ་ལག་བསྟར་བྱེད་དགོས། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་སྤེལ་བའི་གནས་ཚུལ་དེ་ཏང་ཨུ(ཏང་ཙུའུ)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྙན་ཞུའི་དཔྱད་ཞིབ་དཔྱད་དཔོག་དང་། སྐོར་ཞིབ་ལྟ་ཞིབ། དམངས་གཙོས་ཏང་ཡོན་ལ་དཔྱད་ཞིབ་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཆར་འགོད་འདི་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འཆར་འགོད་འདི་ལག་བསྟར་བྱས་ཚུལ་ལ་དུས་དཀྱིལ་དང་ལོ་ལྔའི་རིང་གི་ཕྱོགས་བསྡོམས་དང་དཔྱད་དཔོག་ལས་དོན་སྤེལ་དགོས། དོན་དག་གལ་ཆེན་རྣམས་དུས་ཐོག་ཏུ་གོ་རིམ་ལྟར་ཏང་ཀྲུང་དབྱང་ལ་མཆད་འགོད་སྙན་སེང་ཞུ་དགོས།
ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་དེ་ཀྲུང་དབྱང་དམག་ཨུས་འཆར་འགོད་འདིའི་དགོངས་དོན་གཞིར་བཟུང་ལག་བསྟར་བསམ་འཆར་བཟོ་དགོས། །