ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དུ་སོང་ནས་རྟོག་ཞིབ་བྱས། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཤུགས་སྣོན་པ། ཆེས་མཐོ་ཁྲིམས་ཁང་དང་ཆེས་མཐོ་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་ཁག་ཁུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་ཞིང་ཆེན་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་ཁྲིམས་ཁང་གི་ལོ་རྒྱུས་ཁང་དུ་སོང་ནས། བྱེད་ནུས་ཁུལ་འཛུགས་སྐྲུན་དང་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྲུན། གཏུག་བཤེར་ཞབས་ཕྱི་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། མཚོ་སྔོན་ཁྲིམས་ཁང་གི་འཕེལ་རྒྱས་ལོ་རྒྱུས་ལ་རྒྱུས་ལོན་བྱས་ཏེ། རྟ་ཐོག་ཁྲིམས་ཁང་དང་དྲ་བ་གཅིག་ཏུ་གཞུང་དོན་སྒྲུབ་པ་སོགས་ཀྱི་བྱ་བ་སྒྲུབ་ཐབས་ལ་ཁས་ལེན་བྱས་པ་དང་། ཚང་མས་ལྷག་བསམ་རྣམ་དག་དང་ཁྲིམས་བཀུར། དྲང་གཞག དམངས་དོན་བཅས་ཀྱི་ཁྲིམས་ཁང་གི་བསྲུང་བྱ་ལག་བསྟར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་གཞག་ཚོར་ཐུབ་པར་འབད་དེ། ཁྲིམས་སྐྱོང་པ་ཞིག་ལ་བཅངས་པའི་རེ་འདུན་སྟོང་ཟད་དུ་གཏོང་མི་ཉན་པའི་སྐུལ་སློང་བྱས།
ཞིང་ཆེན་ཞིབ་དཔྱོད་ཁང་དུ། ཝུའུ་ཞའོ་ཅུན་གྱིས12309ཞིབ་དཔྱོད་ཞབས་ཕྱིའི་ལྟེ་གནས་དང་། ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། འཕྲིན་བཅར་ཞབས་ཕྱི་ཁྲིམས་སྐྱོང་ཅན་དང་ཞིབ་དཔྱོད་དྲིལ་སྒྲོག་སོགས་ཀྱི་བྱ་བ་འདྲི་རྩད་ཞིབ་མོ་བྱས་ལ། ནག་ཚོགས་དང་ངན་པར་འབྲེལ་བའི་ཁུངས་སྣེའི་རིགས་ཀྱི་གྱོད་གཞི་ལྟ་སྐུལ་རྣམ་པའི་འགྲེམ་སྟོན་ལ་བལྟས་ནས། གཞི་གྲངས་ཀྱིས་ལྟ་སྐུལ་ལ་སྟོབས་ནུས་སྦྱིན་པ་དང་ལྟ་སྐུལ་གྱིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཁས་ལེན་བྱས་པ་དང་། ཁྲིམས་ལྟར་བརྩེ་བ་རྣལ་མས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བློར་འབབ་པའི་ཞིབ་དཔྱོད་བྱ་བ་འབད་པས་སྒྲུབ་དགོས་པ་བསྟན།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཉེ་བའི་ལོ་འགའི་རིང་གི་བྱ་བ་སྣ་ཚོགས་ཐད་ཕན་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རྣམ་ཀུན་ཏུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྤྱད་དེ་བྱ་བར་གཤིབ་སྡུར་དང་ཞིབ་ལྟ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཆབ་སྲིད་ཀྱི་ཐད་ནས་བལྟ་བ་དང་ཆབ་སྲིད་ཀྱི་ཐད་ནས་བྱ་བ་སྒྲུབ་སྟེ། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་དྲག་པོར་བརྟེན་ནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་ཕྱོགས་ཡོངས་ལ་སྔར་ལས་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་དམིགས་པ། མི་རིགས་མཐུན་སྒྲིལ་དང་དམངས་ཚིས་ལེགས་སྒྱུར། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་སོགས་ཀྱི་ལས་འགན་གཙོ་བོར་གཞིགས་ནས། ཆུ་ཚད་མཐོ་བའི་ཁྲིམས་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། ལྷག་བསམ་རྣམ་དག་གིས་ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པ་དང་ཁྲིམས་འཛིན་དྲང་གཞག་གིས་ལག་བསྟར་བྱས་ནས། དུས་རབས་གསར་པའི་འདྲི་གཅོད་བྱ་བར་ཤུགས་སྣོན་པ་དང་ཁྲིམས་ལྟར་ཞིབ་དཔྱོད་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་པ། སྤུས་ནུས་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་ལེགས་པོར་སྒྲུབ་སྟེ། མང་ཚོགས་ལ་འདྲ་མཉམ་དྲང་གཞག་དེ་རང་གི་ཉེ་འགྲམ་དུ་ཡོད་པ་དངོས་སུ་ཚོར་དུ་འཇུག་དགོས། བྱང་ཚད་མཐོ་བའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་དཔུང་སྡེ་ཧུར་ཐག་གིས་སྒྲིག་འཛུགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆབ་སྲིད་ལ་བྱང་བ་དང་ལས་སྒོ་ལ་བྱང་བ། འགན་འཁྲི་ཁུར་ཐུབ་པ། སྒྲིག་ལམ་སྲུང་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་པ་དང་། ཁྲིམས་འཛིན་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་ཞིག་བྱེད་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་ལུའུ་ཁྲུན་གྱིས་མཉམ་གཅིག་ཏུ་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིའུ་སོ་སོར་རྟོག་ཞིབ་ལ་ཞུགས།