ཟླ2པའི་ཚེས28ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་མཛད་སྐབས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་བྱ་གཞག་དར་རྒྱས་དང་འབྲེལ་ཞིང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་འབྲེལ་ཞིང་། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཇགས་དང་འབྲེལ་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྔར་ལས་བདེ་འཇགས་དང་སྤྱི་ཚོགས་སྔར་ལས་གོ་རིམ་ལྡན་པ། བཅོས་སྐྱོང་སྔར་ལས་ཕན་ནུས་ལྡན་པ། མི་དམངས་སྔར་ལས་བློ་ཡིད་ཚིམ་པ་བཅས་ཀྱི་ཐད་ལ་མུ་མཐུད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་གསུངས།
ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་བློ་མཐུན་ལིས་ཡན་གྱིས་གནད་དོན་དེར་འགྲེལ་བཤད་གནང་བར་མ་ཟད། བྱ་བར་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད། གྲོས་བསྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་མགོ་ཁྲིད་སྒྲིག་སྲོལ་དང་ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ལ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱིའི་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ་ལས་གཞན། དཔལ་འབྱོར་མགྱོགས་་མྱུར་ངང་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡིན་པའི“ངོ་མཚར་ཆེན་པོ་གཉིས”ཀྱི་ལེའུ་གསར་པ་རྒྱལ་ཁའི་ངང་བརྩམས་ཡོད། གནས་སྟངས་དང་ལས་འགན་གྱི་འཕེལ་རྒྱས་འགྱུར་ལྡོག་དང་བསྟུན་ནས། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱུ་ལས་ཉམས་ཞན་དུ་གཏོང་མི་རུང་ཞེས་གསུངས།
ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནི་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པར་བརྟེན། ངེས་པར་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མ་ལག་ཆ་ཚང་བའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ནི་གནས་ལུགས་བསྙོན་མེད་ཡིན་པ་དང་བདེ་འཇགས་ཀྱང་གནས་ལུགས་བསྙོན་མེད་ཡིན་པའི་འདུ་ཤེས་སྔར་ལས་འཛུགས་དགོས་པ་དང་། བྱ་བའི་ཁྲོད་རང་རྟོགས་ངང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱས་ཏེ། ཐུན་མོང་འཆར་འགོད་དང་གཞི་གཅིག་བཀོད་སྒྲིག ཕན་ཚུན་སྐུལ་འདེད་བཅས་བྱ་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་དང་གོང་འོག་མཉམ་བརྩོན་རྒྱུན་འཁྱོངས་བྱས་ཏེ། ས་ཆ་གཅིག་དང་ས་ཁོངས་གཅིག ལས་རིགས་གཅིག་བཅས་ཀྱི་བདེ་འཇགས་དམ་འཛིན་བྱས་པ་བརྒྱུད། རྒྱལ་ཁབ་ཧྲིལ་པོའི་བདེ་འཇགས་ལ་མཐུན་རྐྱེན་བསྐྲུན་དགོས་པ་དང་། བདེ་འཇགས་གནད་དོན་རེ་རེ་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱས་པ་བརྒྱུད། རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་ཆེད་དུ་ཡིན་ལ་མི་དམངས་ལ་ཡང་བརྟེན་དགོས། དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ནན་མོ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནན་མོ་བྱེད་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་སྒྲུབ་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱ་དགོས། རང་རྩིས་རང་རློམ་དང་དཔྱོད་ཤེས་བདེ་འཇགས། ཧུར་བརྩོན་ཡར་རྒྱས་བཅས་ཀྱི་སྤྱི་ཚོགས་ཀྱི་སེམས་ཁམས་གསོ་སྐྱོང་བྱས་ཏེ། ཡར་རྒྱས་བརྩོན་ལེན་དང་བྱས་རྗེས་འཇོག་འདོད་པ། ཁྲིམས་སྐྱོང་ལ་བརྩི་འཇོག་བྱེད་པ། དཔལ་ཡོན་གུས་ལུགས་བཅས་ཀྱི་དུས་རབས་ཀྱི་སྤྱོད་ཚུལ་གསར་པ་དར་སྤེལ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཉེན་ཁ་སྣ་ཚོགས་འགོག་སེལ་བྱེད་རྒྱུ་ནི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཀུན་གྱི་གཙོ་བོར་བཞག་ནས། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བརྟན་པོ་བྱ་དགོས། སྤྱི་པའི་བདེ་འཇགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད། བཟའ་བཏུང་དང་སྨན་རྫས་བདེ་འཇགས། དྲ་རྒྱའི་བདེ་འཇགས། མི་ཐབས་རིག་ནུས་བདེ་འཇགས་སོགས་ཐད་ཀྱི་ལས་དོན་ལ་ཤུགས་སྣོན་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཤུགས་ཆེན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་སྤྱིའི་ཆ་ནས་ཤུགས་སྣོན་དགོས། ཆེད་དོན་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱས་ཏེ། མང་འགོག་མང་བཅོས་ཀྱི་སྟོབས་ཤུགས་སྔར་ལས་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་དགོས་པར་མ་ཟད། སྟོབས་ཤུགས་བཀན་མོ་ངོ་མ་བསྐྲུན་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། འཕྲིན་བཅར་ལས་དོན་ཁྲིམས་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། འགལ་བ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་མགོ་ཁྲིད་ནི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྩ་བའི་འགན་ལེན་ཡིན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་དང་སྲིད་ཁྲིམས་ལས་དོན་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་འཛུགས་སྐྲུན་ཁྲོད་དུ་རིམ་པ་སོ་སོའི་ཏང་ཨུ་ཡི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་དང་། དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱ་དགོས། ལྷག་བསམ་གཙང་ཞིང་འགན་འཁུར་བའི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དམག་བཀན་མོ་སྦྱོང་བརྡར་བྱེད་དགོས་ཞེས་ནན་གྱིས་གསུངས།