མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཤོ་ཁང་འཛུགས་མཁན18ལ་ཉེས་ཆད་བཅད་པ།

  2025-02-24 09:40:15 

ཤོ་རྒྱག་སྤྱད་ཀྱིAPPཞིག་ལས་སླ་མོར་ཕབ་ལེན་བྱས་ནས་ལས་ཚབ་ཏུ་གྱུར་རྗེས་མི་གཞན་བཀུག་ནས་རྒྱན་འཇོག་ནང་ཞུགས་སུ་བཅུག་ན། རང་ཉིད་ཀྱིས་དེའི་ཁྲོད་ནས་ཁེ་བཟང་རེག་ཐུབ། བལྟས་ཚོད་ཀྱིས་སྟབས་བདེ་བའི་བྱ་སྤྱོད་དེའི་རིགས་ནི་དོན་དངོས་སུ་ཁྲིམས་འགལ་ཡིན་པས། དྲ་རྒྱའི་ཤོ་ཁང་བཙུགས་པའི་ནག་ཉེས་གྲུབ་སྲིད།

ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་མགོན་ཆེ་གེ་མོ་སོགས་མི18ཀྱིས་ཤོ་ཁང་བཙུགས་པའི་ནག་ཉེས་ཀྱི་གྱོད་དོན་ལ་ཞིབ་གཅོད་བྱས་པ་རེད།

2020ལོའི་སྔ་རྗེས་སུ། ཐུན་རིན་གྲོང་ཁྱེར་མངའ་ཁུལ་གྱི་མི་འགས་གང་འདོད་དུ་ཡུང་དབྱིན་མིག་མངསAPPཕབ་ལེན་བྱས་ཤིང་། དང་ཐོག་དེ་ནི་རོལ་རྩེད་བྱེད་སྟངས་གསར་པ་ཞིག་རེད་སྙམ་མོད། མ་གཞི་གོམ་པ་རེ་རེ་བཞིན་ཉེས་གསོག་གི་ལམ་དུ་སྐྱོད་བཞིན་པ་ཁོ་ཚོས་གཏན་ནས་ཤེས་མེད།

APPདེའི་སྟེང་དུ“ཉ་འཛིན་མཁས་ཅན”དང“ཤིང་ཏོག་འཕྲུལ་འཁོར”སོགས་རྒྱན་འཇོག་གི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ལ། དེའི་ཁྱབ་གདལ་བྱེད་ཐབས་ནིAPPམཚམས་སྦྱོར་བརྡ་ཁྱབ་དང་བཤེར་རིས། དེ་བཞིན་དྲ་རྒྱའི་སྒེའུ་ཁུང་སོགས་ཀྱི་བྱ་ཐབས་བརྒྱུད་དྲ་ལམ་ནས་ཁྱབ་གདལ་གཏོང་བར་མ་ཟད། ད་དུང་དམངས་ཡོངས་ཀྱི་ལས་ཚབ་ཁྱབ་གདལ་བྱེད་སྟངས་སྤྱོད་ཀྱིན་ཡོད། རྣམ་པ་དེའི་རིགས་ལ་བརྟེན་ནས་ཤོ་རྒྱག་མཁན་རང་ཉིད་རྒྱན་འཇོག་ནང་ཞུགས་པར་མ་ཟད། ད་དུང་ཆེད་མངགས་བཤེར་རིས་མཉམ་སྤྱོད་བྱས་པ་བརྒྱུད། ཡུལ་དངོས་སུ་འཕེལ་རྒྱས་བཏང་སྟེ་རྒྱན་འཇོག་ཁྲོད་ནས་ཁེ་བཟང་རེག་གིན་ཡོད།

མགོན་ཆེ་གེ་མོས་དང་ཐོག་ཕབ་ལེན་བྱས་པ་ཙམ་ཡིན་མོད། དེའི་རྗེས་རིམ་བཞིན“ཡུང་དབྱིན་མིག་མངས”རྒྱན་འཇོག་སྟེགས་བུའི་ཐོག་འཕེལ་རྒྱས་ཧུར་ཐག་བཏང་བ་རེད། ཡུལ་དངོས་ཀྱི་མི་གྲངས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་ཁོ་ལ་ཁྱོན་སྒོར་ཁྲི23ལྷག་གི་ཁེ་བཟང་ཐོབ་པ་རེད། ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ཕུན་ཆེ་གེ་མོ་སོགས་མི18ཡང་དེའི་ནང་ཚུད་ཡོད། དུས་ཡུན་ཐུང་ངུའི་ནང་ཁོ་ཚོས་གླ་དངུལ་དང་ཁེ་བཟང་རེག་པར་བརྟེན་རང་ཉིད་བོར་ནས་རིམ་བཞིན་ཉེས་གསོག་གི་ལམ་དུ་ཞུགས་པ་རེད།

ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཕུན་ཆེ་གེ་མོ་སོགས་མི18ཀྱིས“ཡུང་དབྱིན་མིག་མངས”ནི་རྒྱན་འཇོག་དྲ་ཚིགས་ཡིན་པ་གསལ་པོར་ཤེས་མོད། འོན་ཀྱང་སྔར་བཞིན་ཚོགས་མི་འཕེལ་རྒྱས་གཏོང་བའི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། ཁྲིམས་འགལ་གྱི་གྲོན་དངུལ་བསྡུ་ལེན་བྱས་པས། བྱ་སྤྱོད་དེ་ནི་ཤོ་ཁང་བཙུགས་པའི་ནག་ཉེས་སུ་གྲུབ་ཅིང་། ཁྲིམས་དཔོན་གྱིས་གཏུག་ཡུལ་དག་གི་ཐུན་མོང་ཉེས་གསོག་ཁྲོད་ཀྱི་ངོ་བོ་དང་ནུས་པ། ཉེས་པ་ཁས་ལེན་གྱི་རྣམ་འགྱུར་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། སོ་སོར་ཉེས་ཆད་དུས་ཡུན་མི་འདྲ་བའི་བཙོན་འཇུག་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ། དངུལ་ཆད་སོགས་ཀྱི་ཉེས་ཆད་བཅད་པ་རེད།

རྩོམ་སྒྲིག་པ། སངས་བཀྲ།