མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད།

  2025-02-22 21:46:57 

ཟླ2པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་ནས། ཞབས་ཕྱིའི་ཉོ་ཚོང་དང་ཞབས་ཕྱིའི་འཛད་སྤྱོད་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་དང་། 《ནུས་ཁུངས་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་རྡོ་ཚུར་བསྡུ་བེད་སྤྱོད་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་སྤྱོད་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2024ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་འགོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབས་པའི་བྱ་བའི་གནས་ཚུལ་སྙན་ཞུར་ཉན།

གྲོས་ཚོགས་ལས་བསྟན་དོན། ཞབས་ཕྱིའི་ཉོ་ཚོང་དང་ཞབས་ཕྱིའི་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱི་ཕྱོགས་བརྟན་པོ་ཡོང་བ་དང་ནང་ཁུལ་གྱི་དགོས་མཁོ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞབས་ཕྱིའི་ཉོ་ཚོང་གསར་སྐྲུན་དང་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས་པ་དང་། རྒྱལ་མཚམས་ལས་བརྒལ་བའི་ཞབས་ཕྱིའི་ཉོ་ཚོང་གི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་གློག་འཕྲིན་དང་སློབ་གསོ། རིག་གནས། སྨན་བཅོས། དངུལ་རྩ་སོགས་ཁྱབ་ཁོངས་སུ་སྒོ་འབྱེད་བྱེད་ཐབས་གསར་པ་ཁག་ཅིག་ཞིབ་འཇུག་བྱས་ནས་འདོན་དགོས། ཧུར་ཐག་གིས་ཞབས་ཕྱི་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་ཞབས་ཕྱིའི་ཁེ་ལས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་དང་རྒྱལ་སྤྱི་ཅན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏང་དགོས། ཞབས་ཕྱིའི་ཉོ་ཚོང་ཕྱོགས་བསྡུས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྟེགས་བུ་སྐོར་ཞིག་བསྐྲུན་ནས་ཞབས་ཕྱིའི་ཉོ་ཚོང་དང་གཞི་གྲངས་ཉོ་ཚོང་ཕྱོགས་མང་དང་ཕྱོགས་གཉིས་དང་ས་ཁོངས་མཉམ་ལས་རྒྱ་སྐྱེད་གཏང་དགོས། ཞབས་ཕྱིའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཕྱིའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་ཕན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ། ཞབས་ཕྱིའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་ལས་རིགས་མཉམ་འབྲེལ། ཐོན་ལས་གཅིག་སྡུད་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་བཟའ་བཏུང་ཞག་སྡོད། རྒན་གསོའི་བཅོལ་གསོ། གཞི་གྲངས་འཛད་སྤྱོད་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་འཐུས་ཚང་དུ་གཏང་དགོས། “ཕྱི་ཕྱོགས་སྒོ་འབྱེད”དང་། “ནང་ཁུལ་ལྷོད་གཏོང”གི་བྱེད་ཐབས་བརྒྱུད་དེ་ནོར་སྲིད་དང་ཁྲལ་བསྡུ། དངུལ་རྩ་སོགས་ཀྱི་སྲིད་ཇུས་ཕྱོགས་བསྡུས་བེད་སྤྱོད་དང་། ཁྲོམ་རའི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་ནས། སྤུས་ལེགས་ཞབས་ཕྱིའི་འདོན་སྤྲོད་སྔར་ལས་ཇེ་མང་དུ་བཏང་སྟེ། མང་ཚོགས་ཀྱི་སྣ་མང་ཅན་གྱི་ཞབས་ཕྱིའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

གྲོས་ཚོགས་ལས་བསྟན་དོན། མིག་སྔར་རང་རྒྱལ་གྱི་ནུས་ཁུངས་གསར་པའི་གློག་སྒུལ་རླངས་འཁོར་གྱི་གློག་རྡོ་གཞི་ཁྱོན་ཅན་གྱི་ཁོངས་ནས་ཕྱིར་འཐེན་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པས། སྒུལ་ཤུགས་གློག་རྡོ་ཕྱིར་བསྡུ་བེད་སྤྱོད་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཕྲེང་འབྲེལ་ཐག་ཡོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འགག་གནས་ནས་སྒྲོལ་ཏེ། ཚད་ལྡན་དང་བདེ་འཇགས། ཕན་ནུས་ཆེ་བ་བཅས་ཀྱི་ཚུར་བསྡུའི་བེད་སྤྱོད་མ་ལག་བཙུགས་ནས། གཞི་ངས་ཅན་གྱི་ལག་རྩལ་སྤྱད་དེ་སྒུལ་ཤུགས་གློག་རྡོའི་འཁོར་ཡུན་ཡོངས་ཀྱི་འཁོར་ཕྱོགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོན་སྐྱེད་དང་ཕྱིར་ཚོང་། བཤིག་སྦྲེལ། བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཐུབ་པ་བྱ་དགོས། ཁྲིམས་སྐྱོང་ཅན་གྱི་བྱ་ཐབས་སྤྱད་དེ་ཕྱིར་བསྡུ་བེད་སྤྱོད་ཚད་ལྡན་དུ་གཏོང་བ་དང་། འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། སྒུལ་ཤུགས་གློག་རྡོའི་ལྗང་མདོག་ཇུས་འགོད་དང་ཐོན་རྫས་ཀྱི་ཐཱན་འདུས་ཚད་ཞིབ་རྩིས་སོགས་འབྲེལ་ཡོད་ཚད་གཞི་མགྱོགས་མྱུར་གཏན་འབེབས་དང་བཟོ་བཅོས་བྱས་ཏེ། ཚད་གཞིའི་ཐོག་ནས་ཚུར་བསྡུ་བེད་སྤྱོད་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། དམངས་ཆེན་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་གྲོས་གཞི་ལེགས་པར་བསྒྲུབ་རྒྱུ་ནི་སྲིད་གཞུང་གིས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ནང་གནས་བླང་བྱ་ཡིན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་ཀྱི་དམངས་གཙོའི་ལག་ལེན་གཏིང་ཟབ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་གིས་ན་ནིང་འགན་སྒྲུབ་བྱས་པའི་གྲོས་འགོ་དང་གྲོས་གཞི་ཚང་མ་དུས་ཐོག་ཏུ་ལེགས་གྲུབ་བྱུང་སྟེ། བཅོས་སྒྱུར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་དང་དཀའ་གནད་སྐོར་ཞིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་གྲོས་འགོ་དང་གྲོས་གཞི་ཐག་གཅོད་བྱེད་པའི་བྱ་བ་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་བསྒྲུབ་དགོས་པ་དང་། འཐུས་མི་དང་ཨུ་ཡོན་ལ་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏང་དགོས། གནད་དོན་གཅིག་མཐུན་ལ་མཉམ་དུ་ལན་འདེབས་པ་དང་ཕྱོགས་གཅིག་མཐུན་ལ་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཀའ་གནད་སྔར་ལས་ཐག་གཅོད་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱས་ཏེ། སྤུས་ཚད་མཐོ་བའི་གྲོས་འགོ་དང་གྲོས་གཞི་ཐག་གཅོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།