ཟླ2པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་། བློ་མཐུན་རྒན་པ་པད་མ་དང་སྟག་འབུམ་ཐར་བཅས་ཚོགས་འདུར་ཞུགས། པད་ཁོ་ཡིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚང་མར་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།
ཁོས་བསྟན་དོན། 2024ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། སྐུ་དངོས་སུ་མཚོ་སྔོན་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འཆར་གཞི་བཀོད་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ངར་ཤུགས་རྒྱས་ཤིང་ཡིད་ཆེས་ཀྱིས་བརྟས་ཡོད། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ཀྱི་མགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་གནད་དུ་བཟུང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་མེས་རྒྱལ། དུས་རབས་གསར་པའི་བཀའ་དྲིན་ཤེས་པར་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་ཞིང་ཆེན་ཡོངས་ལ་ཡིད་ཆེས་སྲ་བརྟན་དང་། ངར་ཤུགས་གཅིག་སྒྲིལ། གསར་གཏོད་གསར་སྤེལ། དངོས་སྒྲུབ་སྔོན་བརྩོན་བཅས་ཀྱི་འབོད་སྐུལ་བཏང་ཡོད། ང་ཚོས་བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། མཐུན་སྒྲིལ་འབད་བརྩོན་དང་བློ་བརྟན་ཡར་སྐྱེད་བྱས་ནས། ཀྲུང་གོའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བྱས་རྗེས་གལ་ཆེན་འཇོག་དགོས།
ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་དང་དཔེ་སྟོན་མི་སྒེར་གྱི་འཐུས་ཚབ་པ། ཟི་ལིང་དུ་ཡོད་པའི་བོད་རིགས་ཆེད་མཁས་པ་དང་རིག་གནས་པ། བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པ། གཞི་རིམ་ལས་བྱེད་པའི་འཐུས་ཚབ་པ། ཆོས་ལུགས་སྡེ་ཁག་གི་འཐུས་མི་སོགས་ཇ་སྟོན་ལ་ཞུགས་ཡོད། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ལེ་ཚན་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས།