ཟླ2པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལ་ཕན་པ་འདོགས་པ་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏང་དགོས”ཞེས་པ་བརྗོད་གཞི་བྱས་ནས་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གཉིས་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་སྔར་ལས་མང་པོ་དམངས་ཚིས་ལ་ཕན་པ་ཐོབ་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་ནས། ནུས་ཤུགས་སྔར་ལས་ཆེ་བ་དང་གནད་ལ་འཁེལ་བའི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་སྤེལ་བཏང་སྟེ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་མུ་མཐུད་ཆེ་རུ་གཏང་དགོས།
ཧྲང་ཧའེ་ནོར་སྲིད་སློབ་ཆེན་གྱི་སློབ་གཙོ་ལིའུ་ཡོན་ཁྲུན་གྱིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་ཧི་ལིས་ཧྥུན། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།
ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ནང་ཁུལ་དུ་འཁོར་སྐྱོད་ཆོག་པ་དང་ནང་མཁོ་གཙོ་ཁྲིད་དུ་བྱེད་པ་ནི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ཞིག་རེད། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུ་ནི་མིག་སྔའི་ནང་མཁོ་རྒྱ་བསྐྱེད་པ་དང་འཕར་སྣོན་བརྟན་པོ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། འཛད་སྤྱོད་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས། འཛད་སྤྱོད་སྐུལ་སྤེལ་ལ་བརྟེན་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཡིན་པ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བཅས་སྔར་ལས་མང་པོ་བྱ་དགོས།
ལིས་ཆང་གིས་བསྟན་དོན། སྡོད་དམངས་ཀྱི་དགོས་མཁོ་དང་དམ་པོར་བསྟུན་ནས་རང་རྒྱལ་གྱི་འཛད་སྤྱོད་ཀྱི་སྦས་ཤུགས་ཆེན་པོ་སྔོག་འདོན་བྱ་དགོས། ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱོགས་ཡོངས་ནས་སློབ་གསོ་དང་སྨན་བཅོས། རིག་གནས། ལུས་རྩལ། ཡུལ་སྐོར། རྒན་གསོ། ཁྱིམ་ལས་ཞབས་ཕྱི་སོགས་ཁྱབ་ཁོངས་ཀྱི་འདོན་སྤྲོད་ཆུ་ཚད་མཐོ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཚན་རྩལ་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མིས་བཟོས་རིག་ནུས་མཐའ་སྣེའི་ཐོན་རྫས་སོགས་འཛད་སྤྱོད་ཀྱི་སྦས་ཤུགས་འདོན་སྤེལ་བྱ་དགོས། ཞིབ་ཕྲའི་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྣ་མང་ཅན་དང་བར་ཁྱད་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་གསར་སྤེལ་བྱས་ཏེ། འཛད་སྤྱོད་ཀྱི་དགོས་མཁོ་གསར་པར་སྐུལ་སྤེལ་གཏང་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་གཙོ་བོ་འབུར་དུ་དོད་ནས། སྲིད་ཇུས་ཀྱི་ཐོན་ཁུངས་སྐུལ་སྒུལ་རང་བཞིན་དང་སྣེ་ཁྲིད་རང་བཞིན་ཆེ་བའི་ཁྱབ་ཁོངས་སུ་སྔར་ལས་མང་བ་སྤྱོད་དགོས་པ་དང་། ཁྲོམ་རའི་སྟོབས་ཤུགས་སྔར་ལས་ལེགས་པར་འདོན་སྤེལ་བྱས་ནས་འཛད་སྤྱོད་ལ་སྐུལ་སྤེལ་གཏང་དགོས། གནད་འགག་ཡང་དག་བཙལ་ནས་བཅོས་སྒྱུར་དང་གནད་དོན་ཐག་གཅོད་ཇེ་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་ལས་རིགས་ཀྱི་ཁྲོམ་རར་འཇུག་འཐུས་ཇེ་ལྷོད་དུ་གཏོང་བ། སྤུས་ཚད་མཐོ་བའི་འཛད་སྤྱོད་འདོན་སྤྲོད་ཇེ་མང་དུ་གཏོང་དགོས། རྒྱབ་སྐྱོར་སྲིད་ཇུས་དང་བཅོས་སྒྱུར་བྱེད་ཐབས་མཐུན་སྦྱོར་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱ་དགོས།