མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་འཚོགས།

  2025-02-22 21:56:14 

ཟླ2པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་ཐུག་འཕྲད་བྱས་ནས། གཟེངས་བསྟོད་ཐོབ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་པར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལས་བྱེད་པ་རྒན་པ་ནི་མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཚེ་ནོམ་ཡིན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་བླངས་པའི་གྲུབ་འབྲས་དེ་ལས་བྱེད་པས་བློ་འདོན་ཇུས་འབུལ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་འབྲལ་ཐབས་མེད་ལ། མཚོ་སྔོན་མི་དམངས་ཀྱིས་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད། ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་མཐོ་སྒང་དུ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་བས། ཞིང་ཆེན་ཡོངས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་ངར་སྐྱེད་མདུན་སྐྱོད་བྱེད་ཀྱིན་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོས་སེམས་ལ་བརྟན་པོར་འཛིན་པ་དང་། མཚན་སྙན་ལ་གཅེས་སྤྲས་དང་མུ་མཐུད་འབད་བརྩོན་བྱེད་པ། སྔར་བཞིན་དུ་ཞིང་ཆེན་ཡོངས་ཀྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། མུ་མཐུད་དུ་རང་ཉིད་ཀྱི་འཇོན་ནུས་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཅངས་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་བྱེད་པ་རྒན་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། འགན་སྒྲུབ་དང་ཁག་ཁུར་ནན་མོ་བྱེད་པ། བརྩེ་སེམས་ལྡན་པ་དང་འགན་འཁྲི་ཡོད་པ། སེམས་ཤུགས་ཡོད་རྒུ་བཏོན་ནས་གཟིགས་སྐྱོང་ཞབས་ཕྱིའི་བྱ་བ་བཟང་པོར་བསྒྲུབ་པ། ལས་བྱེད་པ་རྒན་པའི་ལུས་ཁམས་གསོ་བའི་ཐད་ནུས་པ་འདོན་སྤེལ་བྱེད་པ་དང་ཆ་རྐྱེན་སྔར་ལས་བཟང་པོ་དང་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་ནས། ལས་བྱེད་པ་རྒན་པའི་ཁོངས་གཏོགས་ཚོར་བ་དང་ཟབ་ཞུགས་ཚོར་བ། ཐོབ་ཚོར་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏང་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་འདུའི་སྟེང་གཏམ་བཤད། མོས་དྲིན་བསམ་ནས་ལས་བྱེད་པ་རྒན་པའི་ལོ་རྒྱུས་བྱས་རྗེས་ནམ་ཡང་མི་བརྗེད་པ་དང་། དམ་པར་མིག་ལྟོས་བྱེད་པའི་འགུལ་སྐྱོད་ལ་བརྟེན་ནས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མིག་དཔེའི་ནུས་པ་དར་སྤེལ་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་བྱེད་པ་རྒན་པའི་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སྔོན་ཐོན་ཐུན་མོང་བཅུ་དང་སྔོན་ཐོན་མི་སྒེར་ཉི་ཤུ་ལ་གཟེངས་བསྟོད་བྱས། ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་ལས་བྱེད་པ་རྒན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུང་མེ་དང་། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཀི་ཡུས་ཞིའུ། མཚོ་སྔོན་སློབ་ཆེན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཆེན་མོ་དབྱང་ཀའོ་ཀྲུའུ་བཅས་ཀྱིས་སོ་སོར་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།