ཟླ2པའི་ཚེས19ཉིན། སྐོར་ཁག་དང་པོའི་མཚོ་སྔོན་གྱི་སློབ་རའི་འཇོན་མི་ནང་འདྲེན་ཕོ་ཉ་གདན་ཞུ་ལས་བསྐོ་བྱེད་པའི་མཛད་སྒོ་དང་ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གྲྭའི་མཚོ་སྔོན་གྱི་སློབ་མའི་འཐུས་ཚབ་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་ལྔ་བཅུའི་མཚོ་སྔོན་གྱི་སློབ་ཞུགས་སློབ་མ་བརྒྱ་དང་ང་བཞི་མཚོ་སྔོན་ཞིང་ཆེན་སློབ་རའི་འཇོན་མི་ནང་འདྲེན་ཕོ་ཉར་གདན་ཞུ་ལས་བསྐོ་བྱས།
མཚོ་སྔོན་ཞིང་ཆེན་གྱི་སློབ་རའི་འཇོན་མི་ནང་འདྲེན་ཕོ་ཉ་ནི་རང་ཞིང་གིས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་ཆེན་གྱི་མཚོ་སྔོན་གྱི་སློབ་མ་དང་ཡང་ན་མཚོ་སྔོན་དུ་ཡོང་ནས་ལས་ཞུགས་ལས་སྐྲུན་བྱེད་པའི་འདོད་བློ་ཡོད་པའི་སློབ་གྲྭར་ཡོད་པའི་སློབ་མའི་ཁྲོད་བསྡུ་རུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་འཇོན་མི་ནང་འདྲེན་བྱ་བར་ཞབས་འདེགས་ཞུ་བའི་འབྲེལ་འདྲིས་པ་ཡིན་པ་དང་། གཙོ་བོར་འཇོན་མིའི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་འཇོན་མི་ནང་འདྲེན་བྱ་འགུལ་ལ་ཞུགས་པ། མི་བསྡུ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། ལས་འཚོལ་འདོད་བློ་བསྡུ་རུབ་བྱེད་པ་སོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད། བསྡུ་རུབ་བྱས་པའི་སློབ་མ་ཚོས་མཐའ་གཅིག་ཏུ་བསྟན་དོན། རང་ཉིད་ཀྱི་ཐོན་ཁུངས་དང་མིའི་འབྲེལ་བ། ཐབས་ལམ་བཀོལ་སྤྱོད་བཟང་བོ་བྱས་ནས། མཚོ་སྔོན་གྱི་འཇོན་མིའི་སྲིད་ཇུས་དང་གསར་གཏོད་ལས་སྐྲུན་གྱི་ཁོར་ཡུག་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། ཆེད་ལས་དང་སློབ་གླིང་། སློབ་གྲྭ་དང་ཕ་ཡུལ་བཅས་བར་གྱི་བརྗེ་རེས་ཀྱི་ལྕགས་ཟམ་འཛུགས་པ། མཐོ་རིམ་སློབ་ཆེན་ནས་་མཐར་ཕྱིན་པའི་སློབ་མས་མཚོ་སྔོན་གྱི་འཇོན་མིའི་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་དུ་ཡོང་ནས་གསར་གཏོད་ལས་སྐྲུན་བྱེད་པའི་མགྱོགས་མྱུར་བགྲོད་ལམ་བཙུགས་ནས། མཚོ་སྔོན་གྱི་འཇོན་མི་ནང་འདྲེན་བྱ་བའི་མགྲིན་ཚབ་པ་བྱ་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་རའི་འཇོན་མི་ནང་འདྲེན་ཕོ་ཉ་བསྡུ་རུབ་བྱ་རྒྱུ་ནི། རང་ཞིང་གིས་ན་ནིང་གི་རྗེས་མཐུད་དེ་ཐོག་དང་པོར་ཞིང་ཆེན་ཕྱི་རུ་མཚོ་སྔོན་ཞིང་ཆེན་གྱི་འཇོན་མི་ནང་འདྲེན་བྱ་བའི་ས་ཚིགས་བཙུགས་རྗེས་ཀྱི་གསར་གཏོད་བྱེད་ཐབས་ཤིག་དང་། དུས་རབས་གསར་བའི་འཇོན་མིའི་ཞིང་ཆེན་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་འཇོན་མི་བསྡུ་བའི་བྱ་བའི་ཐབས་ལམ་སྔར་ལས་རྒྱ་སྐྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ན་གཞོན་འཇོན་མི་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གཉིས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཕན་ཡོད་ཚོད་ལྟ་ཡང་ཡིན། དེའི་དམིགས་འབེན་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་ཆེར་སྐྱེད་དེ་འཇོན་མི་བསྡུ་རུབ་ཀྱི་ངར་སེམས་ཆེར་སྐྱེད་པ་དང་། ཕུལ་བྱུང་འཇོན་མི་ནང་འདྲེན་བྱེད་པའི་བྱ་བ་སྤེལ་ཤུགས་ཇེ་ཆེར་གཏོང་བ། སྤུས་ལེགས་འཇོན་མིའི་ཐོན་ཁུངས་འཚོལ་ཞིབ་དང་སྔོག་འདོན་བྱས་ནས། འཇོན་མིས་འཇོན་མི་ནང་འདྲེན་བྱེད་པའི་རྒྱུན་རྣམ་ཅན་གྱི་འཇོན་མི་ནང་འདྲེན་བྱ་བའི་རྐྱེན་སྲོལ་འཛུགས་རྒྱུ་དེ་ཡིན། གོ་རིམ་རྗེས་མར། རང་ཞིང་གིས་འཇོན་མི་ནང་འདྲེན་གྱི་བྱ་བའི་ས་ཚིགས་ལ་རྒྱབ་རྟེན་ནས། སློབ་རའི་འཇོན་མི་ནང་འདྲེན་ཕོ་ཉ་རྒྱ་ཆེར་བསྡུ་རུབ་བྱེད་པ་དང་། ན་གཞོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། འཇོན་མི་བསྡུ་རུབ་ཀྱི་བྱ་བ་རྒྱུན་མཐུད་ངང་སྤེལ་ནས། ཕུལ་བྱུང་འཇོན་མི་མང་པོས་མཚོ་སྔོན་ལ་དོ་སྣང་བྱེད་པ་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་དུ་ཡོང་བར་ནང་འགུག་བྱ་དགོས།