སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
ཉིན་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལས་རིགས་སོ་སོའི་མི་སྣར་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལས་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ཟབ་མོ་བྱེད་པ་གང་ལེགས་སྒོས་མཚོན་པ་དང་། ངར་ཤུགས་ལ་སྐུལ་མ་ཐེབས་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པས། ཧུར་ཐག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མེད་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་ལ་གཡོ་འགུལ་སྤུ་ཙམ་ཡང་མེད། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་རྐྱེན་འདྲ་མཉམ་བེད་སྤྱོད་དང་། འདྲ་མཉམ་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འདྲ་མཉམ་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་དང་ཐབས་ལམ་ཡང་བསྟན་ཡོད།
རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཧོང་ཡན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་བས། དམངས་གཉེར་ཁེ་ལས་པར་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་གསར་འབྱེད་གསར་གཏོད་དང་། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁ་ཕྱོགས་བསྟན་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁེ་ལས་འཕེལ་རྒྱས་ཀྱི་རེ་བ་ལྟར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པ་དང་། ཧུར་ཐག་གིས་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཏན་ཏིག་གིས་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་གཙོ་གནད་ཡིན། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པ་ཚང་མ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་ལས་ཕབ་གཅོག་བྱེད་མི་ཆོག་པ་ནན་གྱིས་བསྟན།
རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྤྱིའི་བཟོ་སྐྲུན་པ་ལིག་མིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་བ་བཟང་བོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་བཏང་ནས། ཧུར་ཐག་གིས་དྲང་བདེན་འདྲ་མཉམ་གྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་པ་དང་། ཚད་ལྡན་ཁེ་ལས་ལ་འབྲེལ་བའི་ལྟ་སྐུལ་ལག་བསྟར་ནུས་པ་གཟབ་ནན་དུ་བཏང་ནས། དམངས་གཉེར་ཁེ་ལས་བཟང་ཕྱོགས་སུ་འཕེལ་རྒྱས་གཏང་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁེ་ལས་ནི་ཚོང་གཉེར་བྱེད་པོ་ཡིན་པ་དང་། ཁེ་ལས་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་ནི་ཨང་དང་པོ་ཡིན། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་པའི་སྤྲོ་སེམས་ཀྱིས་ཁེངས་པ་དང་། ཕུགས་བསམ་གྱི་ཡུལ་ཁམས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་པ་ཇེ་ཟབ་ཏུ་གཏོང་བ། ཕྱུག་པར་འགྱུར་བའི་འབྱུང་ཁུངས་དང་ཕྱུག་པོ་ཡར་རྒྱས་ཡོང་བར་བསམ་བློ་གཏོང་བ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་རྩེ་གཅིག་སྒྲིལ་གྱིས་ཁེ་ལས་སྟོབས་ལྡན་དང་ལེགས་པོ། ཆེ་རུ་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐུལ་འདེད་གཏོང་མཁན་བྱ་དགོས།