མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱིས་ཤུགས་ཡོད་བྱེད་ཐབས་སྤྱད་དེ་བྱང་གསུམ་བཟོ་སྐྲུན་གྱི་ལོ་ཧྲིལ་བོའི་མཁྲེགས་གཏོར་བྱ་བ་བཟང་པོར་བསྒྲུབ་རྒྱུ་རེད།

  2025-02-19 17:43:32 

ཟླ2པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་མཚོ་སྔོན་གྱིས་སྐབས་དྲུག་པའི་འཆར་འགོད་འཆར་གཞི་རུ་བྱེད་པ་དང་། ལས་གཞི་གཙོ་བོ་དང་ཉི་འོད་ནུས་པའི་བྱེ་བཅོས་བྱེད་ཐབས་སུ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་མཉམ་འགོག་མཉམ་བཅོས། དཔེ་སྟོན་སྣེ་ཁྲིད། དཔྱད་ཞིབ་སྣེ་ཁྲིད་སོགས་ནུས་ལྡན་བྱེད་ཐབས་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་གྱི་ལོ་ཧྲིལ་བོའི་མཁྲེགས་གཏོར་བྱ་བ་བཟང་པོར་བསྒྲུབ་རྒྱུ་རེད།
བྱང་གསུམ་བཟོ་སྐྲུན་ནི་རྒྱལ་ཡོངས་བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་བཟོ་སྐྲུན་དང་པོ་ཡིན། མཚོ་སྔོན་གྱི་བྱང་གསུམ་བཟོ་སྐྲུན་གྱི་སྐབས་དྲུག་པའི་འཛུགས་སྐྲུན་ས་ཁུལ་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་དྲུག་གི་རྫོང31ལ་ཁྱབ་པ་དང་། རྒྱལ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི35.62ཡོད།

2024ལོ་ནི་རྨ་ནུབ་བར་དོག་ལམ་དང་ཐཱ་ཁི་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་དམག་འཐབ་མཚོ་སྔོན་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་འགུལ་སྐྱོད་འགོ་རྩོམ་པའི་ཡིན་ལ། མཚོ་སྔོན་གྱིས་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པའི་སྤྱིའི་ནགས་དཔོན་གྱི་བཀའ་རྒྱ་གཞི་འཛིན་ས་རུ་བྱས་ལ། ཆ་སྡེབས་མ་དངུལ་དང་ལག་རྩལ་འདེགས་སྐྱོར། ལས་གཞི་དོ་དམ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་གནད་འགག་དུས་རིམ་ལ་དམིགས་ནས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བྱང་གསུམ་བཟོ་སྐྲུན་ལ་ལག་བསྟར་བྱེད་པའི་ལག་བསྟར་གྲོས་གཞི་དང་བྱང་གསུམ་ལས་གཞིའི་མ་དངུལ་དོ་དམ་བྱེད་ཐབས་པར་འགྲེམ་དང་ལག་བསྟར་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞི་བའི་ཆེད་མཁས་པའི་ལག་རྩལ་འདེགས་སྐྱོར་རྐྱེན་སྲོལ་དང་། མཚོ་སྔོན་དང་ཀན་སུའུ། ཞིན་ཅན་བཅས་ཞིང་ལྗོངས་གསུམ་གྱི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་བཙུགས་ལ། དུས་ཚིགས་བཞི་བའི་རྟིང་འཐབ་མཁྲེགས་གཏོར་འགུལ་སྐྱོད་སྤེལ་ནས། བྱེ་འགྱུར་འགོག་བཅོས་བྱ་བའི་མཆོང་བརྒལ་གསར་བ་མངོན་འགྱུར་བྱས། ལོ་ཧྲིལ་བོར་བྱང་གསུམ་བཟོ་སྐྲུན་ས་ཁུལ་དུ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ས་ཡ་བདུན་བཏང་བ་དང་། དེའི་ཁྲོད། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་དགུ་སྣོན་གཏོང་བྱས་ནས། ལས་གཞི་གཙོ་བོ་ཉེར་བདུན་ལག་བསྟར་བྱས་ཏེ། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་རྒྱུན་མཐུད་ངང་བཟང་བོར་རྒྱག་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་བྱང་གསུམ་ཆེད་དོན་ཚན་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས། 2025ལོར། མཚོ་སྔོན་གྱི་བྱང་གསུམ་བཟོ་སྐྲུན་ཐད་ནས་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པའི་སྤྱིའི་ནགས་དཔོན་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་བཟོ་སྐྲུན་གྱི་སྤྱི་ཁོག་གི་འཆར་འགོད་དང་ལོ་གསུམ་འགུལ་སྐྱོད་གསར་བའི་ཇུས་གཞི་སྒྲིག་བཟོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཞིང་གི་ཕྱོགས་བསྡུས་བཅོས་སྐྱོང་ལག་རྩལ་གྱི་སྲོལ་རིམ་དང་ཉི་འོད་ནུས་པའི་བྱེ་བཅོས་ལག་རྩལ་སྲོལ་རིམ། མཐོ་འཁྱག་ས་ཁུལ་གྱི་བྱེ་འགྱུར་ས་ཞིང་གི་བྱེ་འགོག་ནགས་སྐྱོང་དང་རྩྭ་གསོ་ལག་རྩལ་གྱི་སྲོལ་རིམ་སོགས་ས་གནས་ཀྱི་ཚད་གཞི་སྒྲིག་བཟོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བྱང་གསུམ་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་བྱེད་པ། ནགས་རྩྭའི་སོན་སྨྱུག་ཆ་འཕྲིན་ཅན་དུ་བསྒྱུར་བའི་ལམ་ལུགས་འཛུགས་པ། སོན་སྨྱུག་ཉར་གསོག་བྱེད་ཚད་ཇེ་ཆེར་གཏོང་བ། སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སོན་བཟང་བཀོལ་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ལ། མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་སོགས་ཀྱི་ཉི་འོད་ནུས་པའི་འོས་སྐྲུན་ས་ཁུལ་གྱི་ཉི་འོད་ནུས་པའི་བྱེ་འགོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཉི་འོད་ནུས་པའི་བྱེ་བཅོས་ལས་གཞི་ལ་བཀོད་སྒྲིག་བཟང་བྱས་ནས། དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས་ཐད་ཀྱི་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་ཡིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ། སངས་བཀྲ།