ཟླ2པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་དང་བཞུགས་མོལ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱ་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། “ཞིང་ཆེན་གྱི་ལྟེ་གནས་སྟོབས་ཆེར་གཏོང་བའི”འཐབ་ཇུས་དམིགས་འབེན་གཡོ་འགུལ་མེད་པར་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པ། རང་ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་འཁྲི་འཁུར་བ་དང་ཞུམ་པ་མེད་པར་སྔོན་བརྩོན་བྱས་ཏེ། ཞིང་ཆེན་ལྟེ་གནས་ཀྱི་འགན་འཁྲི་མངོན་དགོས་ཞེས་ནན་གྱིས་བསྟན།
ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་སྟེ་ཟི་ལིང་གི་རྣམ་པ་གསར་པའི་ཐོན་ལས་གླིང་ལས་མགོ་བརྩམས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། ཝུའུ་ཞའོ་ཅུན་གྱིས་ཐོན་ལས་གླིང་འཛུགས་སྐྲུན་དང་མ་འོངས་པའི་བཀོད་སྒྲིག་གནས་ཚུལ་ལ་ཉན་རྗེས། ལས་གཞི་དེའི་འཛུགས་སྐྲུན་གྱི“མྱུར་ཚད་ཇེ་མགྱོགས་སུ་བཏང་བར”ཁས་ལེན་གང་ལེགས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཕྲེང་འབྲེལ་སྣུར་སྲིང་དང་ཁ་གསབ་བྱེད་པ། ཕྲེང་འབྲེལ་ཇེ་ཆེར་གཏོང་བའི་བྱ་བ་བཟང་བོར་སྒྲུབ་ནས། ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་སྔོན་རྩིས་གཞི་གྲངས་རྟགས་འགོད་རྟེན་གཞི་དང་མཚོ་སྔོན་ཁུ་ནུ་མི་ཐབས་རིག་ནུས་རྩིས་ནུས་ལྟེ་གནས་ནི་ཟི་ལིང་དུ་གསར་དུ་གཞིས་ཆགས་པའི་མཐོ་གསར་ལག་རྩལ་གྱི་ལས་གཞི་ཞིག་རེད། ཝུའུ་ཞའོ་ཅུན་གྱིས་གཞི་གྲངས་འཚོལ་བསྡུ་དང་རྟགས་འགོད། གཞི་གྲངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་འགག་རྩའི་ཤུགས་རྒྱག་ས་དང་མ་འོངས་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཏུ་བརྩིས་ནས། ཐོན་ཁུངས་དང་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་བསྒྱུར་དགོས་པ་ནན་གྱིས་བསྟན། ཟི་ལིང་གྲོང་ཁྱེར་འགྲེམས་སྟོན་ལྟེ་གནས་ནས། ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གི་ལོ་རྒྱུས་རིག་གནས་དང་བར་སྟོང་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འགྲེམས་སྟོན་ལྟེ་གནས་ཀྱི“སྒེའུ་ཁུང་གི”ནུས་པ་སྔར་ལས་ལེགས་པར་བཏོན་ནས། དེང་རབས་ཀྱི་མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ལྡན་པའི་ཟི་ལིང་གི་ཡུལ་ལྗོངས་མངོན་པར་བྱ་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས། ཟི་ལིང་གི་བྱ་བ་སྣ་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཟི་ལིང་གིས་ཐོན་ལས་དར་བ་དང་ཞབས་ཞུ་ཡག་པ། ནུས་པ་བཟང་བ། གསར་གཏོད་ལ་མཁས་པའི་འཕར་སྣོན་གྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། གྲོང་ཁྱེར་གྱི་ནུས་པའི་རིམ་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་དངོས་སུ་ཆེ་རུ་གཏོང་དགོས། “མཉམ་འདྲེས”ཀྱི་བྱ་བ་ཡག་པོར་སྒྲུབ་ནས་ཐོན་ལས་གྲོང་ཁྱེར་བསྐྲུན་པ་དང་། བཟོ་ལས་ཐོན་ལས་དེ་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་ཞིབ་ཚགས་དང་སྤུས་ཚད་མཐོ་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཀོད་སྒྲིག་གི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་ཁྲིད་བྱེད་དགོས། “ཤེས་ལྡན་པའི”བྱ་བ་ལེགས་པར་སྒྲུབ་ནས་གསར་གཏོད་ཀྱི་གྲོང་ཁྱེར་བསྐྲུན་དགོས་པ་དང་། སྤུས་ཚད་མཐོ་བ་དང་འདུས་ཚད་མཐོ་བའི་སྲིད་ཇུས་དང་བྱེད་ཐབས་སྐོར་ཞིག་ཞིབ་འཇུག་བྱས་ཏེ་འདོན་དགོས། སྤུས་ལེགས་གསར་གཏོད་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བ་གཏིང་ཟབ་ཏུ་ལག་བསྟར་བྱེད་དགོས།“བཅོས་སྒྱུར”གྱི་བྱ་བ་ལེགས་པར་སྒྲུབ་ནས་སྒོ་འབྱེད་གྲོང་ཁྱེར་བསྐྲུན་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་སོགས་སྟེགས་བུའི་གཞི་རྟེན་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏང་དགོས། “རི་ཆུའི”བྱ་བ་ཡག་པོར་སྒྲུབ་ནས་སྐྱེ་ཁམས་གྲོང་ཁྱེར་བསྐྲུན་དགོས། “ལྟེ་བ་གཅིག་དང་སྲུང་ཡོལ་གཉིས་བར་ཁྱམས་གསུམ”གྱི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། ལྗང་མདོག་དང་ཐཱན་དམའ་བའི་ཚུལ་སྒྱུར་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་འཚོ་སྡོད་དང་འཚམ་པའི་མཐོ་སྒང་གི་དཔེ་མཚོན་གྲོང་ཁྱེར་བསྐྲུན་ནས། སྐྱེ་ཁམས་ཁོར་ཡུག་དང་ཐོན་ལས་འཕེལ་རྒྱས། འཚོ་སྡོད་ལ་འཚམ་པའི་འཚོ་བ་བཟང་པོར་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་དམ་ཟབ་ཡོང་བར་བྱ་དགོས། “དམངས་ཚིས”བྱ་བ་བཟང་བོར་སྒྲུབ་ནས་བདེ་སྐྱིད་གྲོང་ཁྱེར་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བ།“ཀྲུང་གོའི་དབྱར་གནས”ཀྱི་གསེར་གྱི་མིང་བྱང་མུ་མཐུད་དུ་བསྐྲུན་ནས། བདེ་སྐྱིད་གྲོང་ཁྱེར་གྱི་འཆམ་མཐུན་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་རྣམ་པ་བཟང་པོ་བསྐྲུན་པ། ཏང་སྲོལ་དང་སྲིད་སྲོལ་བསྒྱུར་བར་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བར་སྣེ་ཁྲིད་བྱ་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་སུ་ཞུགས།