བློ་མཐུན་རྩོམ་སྒྲིག་པ་ལགས།
ངས་རྩིས་འཁོར་ཆེད་ལས་ཀྱི་བསླབ་ཚན་ཁག་ཡོངས་སུ་བདེ་བླག་ངང་སྦྱངས་ཚར་ནས་སློབ་ཆེན་མཐར་ཕྱིན་རྗེས། ཀུང་སི་མང་པོ་ཞིག་ལ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུར་བསྐུར་ནའང་། ངལ་བ་འབྲས་མེད་དུ་གྱུར་ཏེ་ད་རག་བར་དུ་རང་གི་བློ་ཁ་དང་མཐུན་པའི་བྱ་བ་ཞིག་བཙལ་ནས་མ་རྙེད། ཕྱིས་སུ་གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པ་བརྒྱུད་ང་རང་དྲ་རྒྱ་ཀུང་སི་ཞིག་ཏུ་ལས་ཚོགས་སུ་ཞུགས་པ་ཡིན། བྱ་བ་གྲོགས་པོས་ངོ་སྤྲོད་བྱས་པའི་དབང་གིས་ཀུང་སིས་ངའི་གླ་ཕོགས་དང་ཉེན་སྲུང་གི་ཐད་ཁས་ལེན་གང་ལེགས་བྱས་པས། ངས་གན་རྒྱའི་དོན་ཚན་ལ་ཐ་ན་ཞིབ་ལྟ་ཞིག་ཀྱང་མ་བྱས་པར་ཀུང་སི་དེ་གར་ངལ་རྩོལ་གན་རྒྱ་བཞག ལས་རྐང་དུ་ཞུགས་ནས་ལོ་ཕྱེད་འགོར་ནའང་ཀུང་སིས་ང་ལ་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་གཏན་ནས་མ་སྤྲད། དེ་བས་ངས་ཀུང་སིའི་འབྲེལ་ཡོད་མགོ་ཁྲིད་བཙལ་ནས་ཉེན་སྲུང་ཅིའི་ཕྱིར་མི་སྤྲོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན། ཀུང་སིས་ལས་བཟོ་པར་ཉེན་སྲུང་སྤྲོད་པའི་རྒྱུ་ཤུགས་མེད་པ་དང་ཡང་གཅིག་བཤད་ན་གན་རྒྱའི་ཁྲོད་དུའང་ལས་བཟོ་པར་སྤྱི་ཚོགས་ཉེན་སྲུང་སྤྲད་མི་དགོས་པའི་ཁ་ཆད་གསལ་པོ་བཞག་ཡོད་ཟེར། ངས་ཀུང་སིས་ལས་བཟོ་པར་སྤྱི་ཚོགས་ཉེན་སྲུང་སྤྲད་རྒྱུ་ནི་ཀུང་སི་ཞིག་གི་རྩ་བའི་འོས་འགན་ཡིན་པ་དང་། ཉེན་སྲུང་མི་སྤྲོད་པའི་གན་རྒྱ་ནི་ནུས་མེད་ཡིན་པར་འདོད། ཡིན་ན་ཡང་ཀུང་སིས་ཁྱོད་ཀྱིས་གན་རྒྱར་བསམ་འཆར་ཅི་ཡང་མེད་པའི་གནས་ཚུལ་འོག་བཞག་པ་ཡིན་ཞིང་། དེ་ཡིས་གན་རྒྱའི་ནང་དོན་ཁས་ལེན་བྱས་པ་མཚོན་པར་མ་ཟད་གན་རྒྱ་ནུས་ལྡན་ཡིན་པའང་མཚོན་ཟེར། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གན་རྒྱ་འདི་ནུས་ལྡན་ཡིན་མིན་ཇི་ལྟར་གཏན་འཁེལ་བྱ་དགོས།
ཞེས་མགོན་པོ་ཡིས།
བློ་མཐུན་མགོན་པོ་ལགས།
གྱོད་གཞི་འདིའི་ཁྲོད་དུ། ཁྱོད་དང་ཀུང་སི་གཉིས་ཀའི་བར་བཞག་པའི་གན་རྒྱ་རུ་ཀུང་སིས་ལས་བཟོ་པར་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་མི་སྤྲོད་རྒྱུའི་ཁ་ཆད་བཞག་ཡོད་ནའང་། སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་ནི་ལས་ཁུངས་དང་མི་སྒེར་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ཐོག་བསྡུར་ཚད་ངེས་ཅན་ལྟར་ཐུན་མོང་གིས་འགན་འཁུར་དགོས་ཤིང་། ཀུང་སིའི་ཕྱོགས་རྐྱང་རྐྱང་གི་སྒོ་ནས་ཉེན་སྲུང་གྲོན་དངུལ་མི་སྤྲོད་པ་ནི་ཁྲིམས་དང་མི་མཐུན་པ་ཞིག་རེད།
ཁྱོད་དང་ཀུང་སི་གཉིས་ཀའི་བར་གྱི་གན་རྒྱ་བཞག་པར་དམིགས་ན། ཀུང་སིས་ཁྱོད་ལ་མགོ་སྐོར་བཏང་མེད་ཅེས་བཤད་ནའང་། ཁྱོད་ཀྱིས་ཀུང་སིས་ཉེན་སྲུང་གྲོན་དངུལ་སྤྲོད་པའི་འོས་འགན་འཁུར་དགོས་པར་འདོད་ཅིང་། སྐབས་འདིར་ཁྱོད་དང་ཀུང་སི་གཉིས་ཀའི་བར་གྱི་རྩོད་གླེང་ནི་གན་རྒྱའི་ནུས་པའི་གནད་དོན་དང་འབྲེལ་བ་ཡོད་པ་རེད། རང་རྒྱལ《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན26པའི་གཏན་འཁེལ་ལྟར་ན། “མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་རང་ཉིད་ཀྱི་ཁྲིམས་བཀོད་འགན་འཁྲི་མེད་པར་བཟོས་པ་དང་ངལ་རྩོལ་པའི་ཁེ་དབང་མེད་པར་བཟོས་པའམ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་འགལ་བའི་ངལ་རྩོལ་གན་རྒྱ་དེ་ནུས་མེད་དམ་ཆ་ཤས་ནུས་མེད་ཡིན་པའི་གན་རྒྱར་བརྩི་རྒྱུ། ངལ་རྩོལ་གན་རྒྱ་ནུས་མེད་དམ་ཆ་ཤས་ནུས་མེད་ཡིན་པའི་ཐད་རྩོད་གླེང་བྱུང་ན་ངལ་རྩོལ་རྩོད་གླེང་འདུམ་གཅོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་གཏན་འཁེལ་བྱ་རྒྱུ”ཞེས་བཀོད་ཡོད། དེར་བརྟེན་གོང་གི་གྱོད་གཞི་འདིར་གཞིགས་ན། ཁྱོད་དང་ཀུང་སི་གཉིས་ཀའི་བར་གྱི་ངལ་རྩོལ་གན་རྒྱ་ནུས་མེད་དམ་ཆ་ཤས་ནུས་མེད་ཡིན་པའི་ཐད་རྩོད་གཞི་ཡོད་པ་དེ། ངལ་རྩོལ་རྩོད་གཞི་འདུམ་གཅོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་ལ་གཏན་འཁེལ་བྱ་རུ་འཇོག་དགོས།
ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།