མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་།

  2025-02-16 21:21:32 

ཟླ2པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏང་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་རྒྱུར་དམ་པོར་དམིགས་པ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། སྤུས་ལེགས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ཞབས་ཕྱིའི་འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་ས་གསར་པ་དང་དཔལ་འབྱོར་འཕར་ས་གསར་པ་བཏོད་དེ། དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་ཧེ་ལུང་ཅང་གི་ས་ནག་འདིའི་སྟེང་དུ་ཐོན་དངོས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གངས་འཁྱགས་དང་ཁ་བས་གཡོགས་པའི་ས་གཞི་འདི་ཡང་གསེར་རི་དང་དངུལ་རི་ཡིན། གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་འཕར་ཚད་གསར་པ་ཞིག་ཏུ་བརྩིས་ནས། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གཏམ་རྒྱུད་ཡག་པོ་འཆད་རྒྱུ་དང་། གངས་འཁྱགས་འཛད་སྤྱོད་དུས་ཚིགས་སོགས་ཀྱི་བྱེད་སྒོ་ཡག་པོ་གཉེར་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རིགས་གསར་པ་སྔར་ལས་གང་མང་གསར་སྤེལ་བྱས་ཏེ། ཞབས་ཕྱིའི་འཛད་སྤྱོད་ཀྱི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་བསྒྱུར་གང་ཐུབ་བྱ་དགོས་ཞེས་གསུངས།

ལིས་ཆང་གིས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ནས། ལུས་རྩལ་ཁྱབ་ཁོངས་ནས་ཕྱིར་འཐེན་བྱས་པའི་ལུས་རྩལ་པ་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། གངས་འཁྱགས་ཀྱི་ལུས་རྩལ་ཁང་སྔར་ལས་གང་མང་སྤྱི་ཚོགས་ལ་སྒོ་འབྱེད་རྒྱུར་སྐུལ་མ་བཏང་ནས། སྤུས་ལེགས་ལུས་རྩལ་ཐོན་ཁུངས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་པ་ཐོབ་ཏུ་འཇུག་དགོས་ཞེས་གསུངས། ལིས་ཆང་གིས་གངས་འཁྱགས་ལུས་རྩལ་སྒྲིག་ཆས་ལ་ཞིབ་ལྟ་བྱས་ནས། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤུས་རྟགས་གྲགས་ཅན་ཁག་གཅིག་གསོ་སྐྱོང་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་སྒྲིག་ཆས་དང་ཡོ་བྱད་སྔར་ལས་གང་མང་གསར་སྤེལ་བྱ་དགོས་ནན་བཤད་གནང་།

ལིས་ཆང་གིས་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་མཁོ་སྤྲོད་ཀྱིས་སྣེ་འདོམས་བྱེད་པ་དང་གསར་གཏོད་བྱ་རྒྱུ་དེ་གཙོ་བོ་ཡིན། རིག་གནས་གསར་གཏོད་ནི་ཞབས་ཕྱིའི་འཛད་སྤྱོད་ལ་སྐུལ་སློང་བྱེད་པའི་འགག་རྩ་ཡིན་པས། གངས་འཁྱགས་རིག་གནས་ཀྱི་རྨང་གཞི་ཟབ་མོ་སྔོག་འདོན་གང་ལེགས་བྱས་ནས། གངས་འཁྱགས་དཔལ་འབྱོར་གྱི་ཐོན་ལས་འབྲེལ་ཐག་ལ་ནུས་པ་སྩོལ་རྒྱུ་དང་། རིག་རྩལ་དང་ཚོང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ནན་མོ་བཏང་སྟེ། གངས་འཁྱགས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཡིད་དབང་འགུག་ཤུགས་མུ་མཐུད་ཆེ་རུ་གཏང་དགོས། ཁེ་ལས་ཀྱི་གསར་གཏོད་རང་བདག་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ། ཡིད་དབང་འགུག་ཤུགས་ལྡན་ཞིང་ངོ་མཚར་ཆེ་བའི་གངས་འཁྱགས་ཐོན་རྫས་དང་ཞབས་ཕྱི་སྔར་ལས་གང་མང་གསར་གཏོད་བྱ་དགོས། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་གྱི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་ནན་བཤད་གནང་།

ལིས་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་དང་ཁྱད་པར་དུ་ཧ་ཨར་པིན་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཆེད་དཀའ་སྤྱད་འབད་བརྩོན་གནང་བར་ཁས་ལེན་གང་ལེགས་གནང་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱིས་གངས་འཁྱགས་ཀྱི་ཞིང་ཆེན་ཆེན་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གངས་འཁྱགས་དཔལ་འབྱོར་སྔར་ལས་ཆེ་རུ་དང་སྟོབས་ལྡན་གཏོང་བ་དང་། ཞབས་ཕྱིའི་འཛད་སྤྱོད་འཕེལ་རྒྱས་གང་ལེགས་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྔར་ལས་གང་མང་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་གནང་རོགས་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།