མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

  2025-02-16 21:24:14 

ཟླ2པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་བཙུགས་པ་དང་། ལོ་བརྒྱའི་རིང་གི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་བབ་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་ཏང་ནང་ཁུལ་དུ་གནས་པའི་བསམ་བློ་དྭངས་གཙང་མིན་པ་དང་། རྩ་འཛུགས་དྭངས་གཙང་མིན་པ། སྤྱོད་ཚུལ་དྭངས་གཙང་མེད་པ་སོགས་ཀྱི་འབུར་ཐོན་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་མེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བར་མ་ཟད། གནས་ཚུལ་གསར་པ་དང་གནད་དོན་གསར་པ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པས། ཏང་གི་མདུན་དུ་ལྷགས་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་བཞི”ཡུན་རིང་གནས་པ་མཐོང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་བྱེད་རྒྱུ་ནམ་ཡང་ལམ་དུ་ཡོད། ཏང་ཡོངས་ཀྱིས་ངེས་པར་ནམ་ཡང་རྒྱུགས་ལེན་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་དུ་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་གྱི་བཟོ་སྐྲུན་གསར་པ་རྒྱུན་ཆད་མེད་པར་ལག་བསྟར་བྱ་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་འཛུགས་སྐྲུན་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཕྱོགས་སྟོན་དུ་འཛིན་པ་དང་། ཏང་གི་འཛུགས་སྐྲུན་སྣ་ཚོགས་ཕྱོགས་གཅིག་ཏུ་སྟོབས་ཤུགས་འདོན་པ་དང་ཕྱོགས་བསྡུས་ནུས་ཤུགས་འདོན་པའི་མ་ལག་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་ཏང་ཀྲུང་དབྱང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་རྩ་བའི་བརྩི་སྲུང་བྱས་ཏེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ནས། རྒྱུད་རིམ་ལྡན་པའི་བསམ་གཞིགས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ནང་དོན་ཡོངས་རྫོགས་དང་། བྱ་ཡུལ་ཡོངས་རྫོགས་སུ་ཁྱབ་པ། འགན་འཁྲིའི་ཕྲེང་འབྲེལ་ཡོངས། ལམ་ལུགས་ཡོངས་རྫོགས་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱུ་རྐྱེན་ཆ་ཚང་དང་ནུས་པ་འཐུས་ཚང་། ཚན་རིག་དང་མཐུན་པའི་ཚད་གཞི། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏང་དགོས།

རྩོམ་ཡིག་ནང་ཕྱོགས་ལྔའི་ཐོག་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། དང་པོ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏང་དགོས། ཏང་གི་མགོ་ཁྲིད་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་དོན་འཁྱོལ་བྱ་དགོས། ཏང་གི་ཀྲུང་དབྱང་རྩ་འཛུགས་དང་ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚང་མ་ངེས་པར་དུ་སྟོབས་ཤུགས་ཆེ་ཞིང་བདེ་བླག་ངང་འཁོར་སྐྱོད་བྱ་དགོས། ཏང་གི་རྩ་འཛུགས་མ་ལག་དམ་ཟབ་བྱུང་བ་དང་། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ན་ད་གཟོད་མུ་མཐུད་དུ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་ཐུབ། ཏང་གི་རྩ་འཛུགས་མ་ལག་དམ་ཟབ་ཡོང་བའི་འགག་རྩ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་ཞིང་། རྩ་བའི་ཐོག་ནས“སྲུང་སྐྱོང་གཉིས”མངོན་འགྱུར་བྱ་རྒྱུ་དེ་ཡིན། གཉིས་པ། རྨང་གཞི་སྲ་བརྟན་དུ་བཏང་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་པའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏང་དགོས། ཚན་རིག་གི་གཞུང་ལུགས་ཁོང་དུ་ཆུད་པ་དང་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཞི་ནས་འདེགས་སྐྱོར་བརྟན་པོ་ཐོབ་ཐུབ། ངེས་པར་བསམ་བློ་འཛུགས་སྐྲུན་གྱི་རྨང་གཞི་དམ་འཛིན་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་དྲག་ཆས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་གཤིས་སློབ་གསོར་རྒྱུན་འཁྱོངས་ངང་ཤུགས་སྣོན་པ། ཏང་ཡོན་དང་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་རྒྱུར་ཁྲིད་སྟོན་བྱ་དགོས། གསུམ་པ། གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་འདོན་པ་དང་རྩ་ལག་མཉམ་བཅོས་ཀྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏང་དགོས་ན། གཙོ་གནད་ནི་དངོས་གནས་དོ་དམ་བྱེད་པ་དང་གཟབ་ནན་སྒོས་དོ་དམ་བྱེད་པ་ལས། གནད་ལ་འཁེལ་བའི་སྒོ་ནས་བཅོས་སྐྱོང་བྱ་དགོས། ཏང་གི་གནས་ཚུལ་དང་ཏང་སྲོལ་གྱི་འཕེལ་ཕྱོགས་གསར་པར་དོ་ཁུར་དང་དབྱེ་ཞིབ་ཟབ་མོ་བྱས་ནས། གནད་དོན་ལ་དམིགས་པ་དང་འབྱུང་རྩ་ལ་ཁ་གཏད་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གནད་ལ་འཁེལ་བའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏང་དགོས། བཞི་པ། ཚན་རིག་དང་མཐུན་ལ་ཆ་ཚང་ཞིང་ཕན་ནུས་ལྡན་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་རང་བཞིན་དང་རྩ་དོན་གྱི་རང་བཞིན་དྲག་པོ་ཡོད་པས། ངེས་པར་ཚན་རིག་དང་མཐུན་པའི་ལམ་ལུགས་ཆ་ཚང་ཞིག་གིས་ཚད་ལྡན་དུ་གཏང་དགོས། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་དང་། ཏང་གི་འཛུགས་སྐྲུན་སྣ་ཚོགས་དང་ཆ་འགྲིག་བྱས་ཏེ་ཕྱོགས་ཡོངས་ནས་ལམ་ལུགས་ཀྱི་གཟེབ་དམ་པོར་བཟོ་དགོས། དུས་མཚུངས་སུ་ལམ་ལུགས་རྙོག་འཛིང་ཆེ་དྲགས་པ་དང་། ལམ་ལུགས་ཀྱི་གཡོ་འོག་ཏུ་ཚུད་བར་སྔོན་འགོག་བྱ་དགོས། མ་ལག་འདུས་གྲུབ་ལ་ཤུགས་བསྣན་ཏེ་ལམ་ལུགས་སྣ་ཚོགས་མ་ལག་ལྡན་པའི་ཕུང་བོར་འགྱུར་བར་བྱ་དགོས། ལྔ་པ། གཙོ་གཟུགས་གསལ་བོ་དང་བླང་བྱ་གསལ་པོའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། ངེས་པར་རིམ་པ་དབྱེ་བ་དང་རིགས་དབྱེ་ནས་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། འགན་འཁྲི་གསལ་བོ་དང་འགན་འཁྲི་སྲ་བརྟན་དུ་བཏང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་ཤེས་པ་དང་འགན་འཁྲི་འཁུར་པ། འགན་འཁྲི་སྒྲུབ་པ་བཅས་བྱེད་པར་སྐུལ་འདེད་གཏང་དགོས།

རྩོམ་ཡིག་ལས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་སྣེ་ཁྲིད་ཡག་པོ་དང་། མིག་དཔེ་བསྟན་ནས་རང་གཅུན་ནན་མོ་བྱེད་པ་དང་། འགན་འཁྲི་ནན་མོ་འཁུར་བ། ཁོངས་གཏོགས་དོ་དམ་ནན་མོ་བྱེད་པ་བཅས་བྱས་ཏེ། ཏང་ཡོངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་བཅོས་སྐྱོང་ཡག་པོ་དང་འཛུགས་སྐྲུན་སྟོབས་ལྡན་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།