ཟླ2པའི་ཚེས13ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བྱས་ལ། ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་འགན་སྲུང་སྐུལ་ལྕག་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་ཕྱོགས་སྡོམ་གཏམ་བཤད་སྤེལ་བ་དང་། ཏང་ཙུའུ་ཁོངས་མི་མིན་པའི་ཀྲུའུ་ཞི་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱས་པར་མ་ཟད་བསམ་འཆར་གྲོས་གཞི་བཏོན། ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཚན་ཆུང་གསུམ་པའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུར་མཐོང་ཆེན་ཚད་མེད་བྱས། ཚོགས་འདུའི་སྔོན་ལ། ཏང་ཙུའུ་ཁོངས་མི་ཡིས་སློབ་སྦྱོང་བགྲོ་གླེང་དང་བསམ་འཆར་བསྡུ་ལེན། སེམས་གཏམ་གླེང་མོལ། རང་ངོས་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གནད་དོན་ཞིབ་བཤེར་བྱས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། ནན་ཏན་སྒོས་གཤིབ་བསྡུར་ཞིབ་བཤེར་རྒྱུ་ཆ་བྲིས་ནས། དམངས་གཙོ་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་བའི་སྒོ་ནས་འཚོགས་པར་རྨང་གཞི་བརྟན་པོ་བཏིངས།
གྲོས་ཚོགས་ལས2023ལོའི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཞིབ་བཤེར་གནད་དོན་ལེགས་བཅོས་དོན་འཁྱོལ་གནས་ཚུལ་ཁྱབ་བསྒྲགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཚན་ཁག་གི་ཚབ་བྱས་ནས་གཤིབ་བསྡུར་ཞིབ་བཤེར་བྱས་པ་དང་། ཚང་མའི་སྣེ་ཁྲིད་དེ་སྒེར་ངོས་ནས་དབྱེ་ཞིབ་བྱས་ལ། ཚན་ཁག་གི་ཁོངས་མི་གཞན་དག་གིས་རེ་རེ་བཞིན་གཏམ་བཤད། ཚང་མས་གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རང་ངོས་སྐྱོན་བརྗོད་བྱེད་སྐབས་བརྗོད་གཞི་དང་གནད་དོན་གཙོ་བོར་དམིགས་པ་དང་། ཕན་ཚུན་སྐྱོན་བརྗོད་བྱེད་སྐབས་བློ་དཀར་ཡིད་རྟོན་དང་ཟོལ་མེད་སྤྱོད་ཚུལ་བཟུང་བས། ཏང་གཤིས་མཐོར་འདེགས་དང་མཐུན་སྒྲིལ་ཡར་སྐུལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་དམིགས་ཚད་ལ་སླེབས།
མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཚན་ཁག་དང་ཏང་ཙུའུ་ཁོངས་མི་ཡིས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པའི་ཐད་ཀྱི་དཔེ་སྟོན་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དུ་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལ་རྗེས་འདེད་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་དགོས། འགན་སྒྲུབ་ཁག་ཁུར་ཕྱོགས་ཀྱི་དཔེ་སྟོན་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་དམ་པོར་དམིགས་པ། གྲོས་མོལ་སྲིད་གླེང་གི་བྱ་འགུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་སོགས་ཀྱི་ཐབས་ལམ་བརྒྱུད་དེ། སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོན་པའི་འགན་ནུས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་རོགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་བྱ་གཞག་སྣ་ཚོགས་འཆར་འགོད་ལེགས་པོ་དང་སྐུལ་འདེད་གང་ལེགས་བཏང་སྟེ་མངོན་འགྱུར་ཡོང་བར་བྱ་དགོས། སྤྱོད་ཚུལ་ཚུར་སྒྱུར་ལ་ཤུགས་སྣོན་པའི་ཐད་ནས་དཔེ་སྟོན་སྐུལ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་བཅས་དངོས་འབེབས་ནན་མོ་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས། སྤྱོད་གཙང་སྲོལ་ཡག་གི་སྲིད་གྲོས་ལས་ཁུངས་བསྐྲུན་པར་མིག་དཔེ་ལེགས་པོ་སྟོན་དགོས། གནད་དོན་ལེགས་བཅོས་ལ་ཤུགས་སྣོན་པའི་ཐད་ནས་དཔེ་སྟོན་སྐུལ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ལེགས་བཅོས་བྱེད་ཐབས་འཐུས་ཚང་གཏོང་བ། ལེགས་བཅོས་དུས་མཚམས་གཏན་འཁེལ་གསལ་པོ་བྱེད་པ། ལེགས་བཅོས་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་། གནད་དོན་ཚང་མ་དག་ཐེར་ལེགས་བཅོས་བྱེད་པར་ཁག་ཐེག་བྱས་ཏེ། གནད་དོན་ལེགས་བཅོས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པ་ནན་གྱིས་བསྟན།