ཟླ2པའི་ཚེས14ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཞི་བཅུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་ལ་ཕྱིར་དྲན་དང་མ་འོངས་པར་རྒྱང་ལྟ་བྱས་ཤིང་། མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་བཅངས་ཡོད་པས། མཚོ་སྔོན་གྱི་དངོས་ཡོད་ལ་རྐང་བཙུགས་ནས་བྱ་བ་ལེགས་པོར་བསྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་གནོད་འཚེ་ཚད་ལེན་སྔོན་བརྡར་ཤུགས་སྣོན་པ་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལེགས་བཅོས་བྱེད་པ། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་པས། གཅིག་འདོམས་སྒོས་གོ་བ་བླངས་ནས་དམ་འཛིན་བྱེད་པ་དང་ལག་བསྟར་དོན་འཁྱོལ་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་འགུལ་གྱིས་ཁག་ཁུར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་པ། ཟླ་རེའི་འཆར་འགོད་དང་ཟླ་རེའི་སྙན་ཞུ། ཟླ་རེའི་ལྟ་སྐུལ་སྤྱི་འདོམས། ཟླ་རེའི་ཁྱབ་བསྒྲགས་བཅས་ཀྱི་ལམ་ལུགས་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གཅིག་དང་འཆར་འགོད་གསུམ་ལ་སྐུལ་འདེད་ནན་མོ་བཏང་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མགོ་རྩོམ་པའི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པ། སྡེ་ཁག་སོ་སོས་འགན་འཁྲི་གཏན་འཁེལ་གསལ་པོ་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་པ། ཞིབ་ཕྲར་དོ་སྣང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ལེགས་པོར་བསྡུ་བ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུབ་ཚབ་ཚོགས་པའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་ནས། ལོ་འཁོར་གྱི་རྟོག་ཞིབ་ལྟ་ཞིབ་འཆར་གཞི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་བའི་མྱུར་ཚད་བཀོད་སྒྲིག 2025ལོའི་ལས་འབྲས་རྒྱུགས་བཤེར་དམིགས་འབེན་བཅས་ཚད་གཞི་མཐོ་བའི་སྒོ་ནས་གཏན་འབེབས་བཟོས་ཏེ། ལོ་ཧྲིལ་པོའི་བྱ་བའི་མགོ་ཡག་པོར་རྩོམ་པར་བྱ་དགོས།
གྲོས་ཚོགས་ལས2024ལོའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གཤིབ་བསྡུར་ཞིབ་བཤེར་རྒྱུ་ཆ་སོགས་ཀྱི་སྙན་ཞུར་ཉན།