མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་དང་འགྲོ་སྐྱོད་ཏང་ཡོན་ཐོ་འགོད་དང་ལེན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ2པའི་ཚེས11ཉིན་ཟི་ལིང་དུ་ཚོགས་པ་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་ཐད་བཀོད་སྒྲིག་བཟང་བོ་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ན་ཡང་། ད་དུང་ཉམས་ཞན་ས་དང་མི་འདང་ས་ཡོད་པས། རྒྱུན་མཐུད་ངང་ཤུགས་བཏོན་ནས་ལེགས་བསྒྱུར་ཤུགས་སྣོན་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་དང་ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། སྦྱོང་སྤྱོད་ཟུང་འབྲེལ་དང་དངོས་སྒྲུབ་ཁག་ཁུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོས་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཏང་ཡོན་གྱི་དངོས་སྒྲུབ་ནན་མོ་བྱེད་པ་དང་མདུན་གྲས་སུ་བསྐྱོད་དགོས། འགན་འཁྲི་ཤེས་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ་རྒྱུན་འཁྱོངས་བྱས་ཏེ། འགྲོ་སྐྱོད་ཏང་ཡོན་གྱི་དོ་དམ་བྱ་བར་རྒྱུན་མ་ཆད་པར་ཤུགས་སྣོན་དགོས། རིམ་ལྡན་གཅིག་འདོམས་དང་ཕྱོགས་བསྡུས་ཐབས་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ནན་སྡོམ་གཟིགས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལག་ལེན་གྱི་སྟེགས་བུ་འཛུགས་པ། རྒྱ་ཆེའི་ཏང་ཡོན་གྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པར་སྣེ་ཁྲིད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ཏུ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་གྱིས་ཐད་ཀར་མངག་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྗོད་སྙིང་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།