མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

  2025-02-12 15:36:34 

ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཟླ2པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གིས2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་གཞི་རུ་བརྩིས་ཏེ། དམངས་གཙོ་འཚོ་བའི་བརྗོད་དོན་དང་དམ་པོར་སྦྲེལ་བ་དང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལྟར། ཕྱོགས་ཡོངས་ནས་གནད་དོན་འཚོལ་ཞིབ་དང་ཞིབ་བཤེར་བྱས་པ་དང་། ཏང་གཤིས་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་དག་ཐེར་བྱེད་ཐབས་བཏོན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། 2024ལོའི་ཞིང་ཆེན་དང་པུའུ་རིམ་པའི་ལས་ཁུངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ལྟ་སྐུལ་ཚན་ཆུང་བདུན་པ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་ནས་བསམ་ཚུལ་དང་གྲོས་གཞི་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལེགས་པོར་བསྡུ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་དུ་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བསྡུ་ལེན་རྒྱ་ཆེར་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་དཔེ་ལྟའི་ཞིབ་བཤེར་རྒྱུ་ཆ་གྲ་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བློ་མཐུན་གྱིས་བླང་བྱ་ལྟར། མི་སྒེར་གྱི་རང་སྦྱོང་དང་། སེམས་གཏམ་གླེང་མོལ་ནན་ཏན་གྱིས་སྤེལ་བ་དང་། གནད་དོན་བརྟག་དཔྱད་གཏིང་ཟབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་རྒྱུ་ཆ་བྲིས། གྲོས་ཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ་ཐུན་མོང་བགྲོ་གླེང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་གཞུང་ལུགས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་ཁྲོད་མི་འདང་སར་དཔྱད་ཞིབ་དང་བརྗེ་རེས་ཁྲོད་བསམ་བློ་གཅིག་གྱུར་བྱས་ནས། དམངས་གཙོ་འཚོ་བའི་གྲོས་ཚོགས་ལེགས་པོར་བསྡུ་བར་གྲ་སྒྲིག་གང་ལེགས་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་དངོས་འབེབས་གནས་ཚུལ་དང2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་བྱས་པར་མ་ཟད། སྣེ་ཁྲིད་ནས་མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བློ་མཐུན་གཞན་པས་རེ་རེ་བཞིན་གཏམ་བཤད། ཚང་མས་རང་ཉིད་ལ་ཞིབ་བཤེར་དང་འགན་འཁྲི་ལ་ཞིབ་བཤེར། བྱ་བར་ཞིབ་བཤེར་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་འཚོལ་ཞིབ་ཟབ་མོ་དང་བསམ་བློའི་འབྱུང་རྩ་སློག་སྟེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་བསམ་བློ་བརྗེ་རེས་དང་གནད་དོན་ལ་དཔྱད་ཞིབ། མཐུན་སྒྲིལ་ལ་ཤུགས་སྣོན། བྱ་བར་བཅོས་སྒྱུར་བཅས་ཀྱི་དམིགས་འབེན་འགྲུབ་པར་བྱས།ཝུའུ་ཞའོ་ཅུན་གྱིས་སྤྱི་བསྡོམས་གཏམ་བཤད་ཁྲོད། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་འདི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ནས་དོན་སྙིང་གལ་ཆེན་ལྡན་པས། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྤྱི་བསྡོམས་དང་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་དངོས་སུ་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ་དང་སྒྲིག་ཁྲིམས་བརྟན་སྲུང་བྱེད་པར་སྐུལ་འདེད་བཏང་ནས་ཤུགས་ཆེན་པོས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དུས་རྒྱུན་སློབ་པ་དང་དུས་རྒྱུན་གསར་སྒྱུར་བྱེད་པའི་ཁྲོད་གཞུང་ལུགས་གསོ་སྦྱོང་ལ་ཤུགས་སྣོན་པ། ལག་ལེན་ཞིབ་ཚགས་ཁྲོད་དུ་རྒྱུན་ཆད་མེད་པར་རང་ཉིད་སྦྱོང་བརྡར་བྱེད་པ། ཤེས་སྤྱོད་གཅིག་གྱུར་ཁྲོད་རང་འགུལ་གྱིས་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་གཉིས་དེ་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ཏུ་བརྩི་དགོས། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་བསྣན་ནས་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དེ་རིམ་པ་སོ་སོས་ནན་འཛིན་བྱེད་ཕོད་པ་དང་དེར་དོ་དམ་བྱེད་ཕོད་པར་ཤུགས་སྣོན་པ། འགན་འཁྲིའི་ཁྱབ་ཁོངས་ནང་གི་གནད་དོན་དུས་ལྟར་ཤེས་རྟོགས་ཐུབ་པ། ཤེས་རྟོགས་བྱུང་བའི་གནད་དོན་དུས་ལྟར་ཐག་གཅོད་ནུས་ལྡན་བྱེད་པ། རྒྱ་ཡན་དུ་གཏོང་བ་དང་འདྲི་རྟོགས་ཅི་ཡང་མི་བྱེད་པ། གནད་དོན་དང་སྐྱོན་ཆ་འགེབ་པ། དོན་ཆེན་དོན་ཆུང་དུ་བསྒྱུར་བ་དང་དོན་ཆུང་མེད་པར་གཏོང་བ་བཅས་བྱེད་མི་རུང་། སྣེ་ཁྲིད་དེ་རང་གཅུན་ནན་མོ་དང་འགན་འཁྲི་ཁུར་ལེན། ཁྱབ་ཁོངས་ནན་སྡོམ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རང་འགུལ་གྱིས་ཆབ་སྲིད་གླེང་བ་དང་སྒྲིག་ལམ་སྲུང་བའི་ཁྲོད་དུ་སྣེ་ཁྲིད་པ་དང་དཔེ་སྟོན་པ་བྱེད་དགོས་ལ། རང་འགུལ་གྱིས་རང་རྟོགས་ཡོད་ཅིང་གཟབ་ནན་བྱེད་པ་དང་། རང་འགུལ་གྱིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་མགོ་ཁྲིད་པ་དང་ལག་བསྟར་པ། སྐུལ་འདེད་པ་ཡག་པོ་བྱེད་དགོས། སྣེ་ཁྲིད་དེ་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཁྲོད་དུ་ལས་སྒྲུབ་ལས་གཏོད་བྱས་ཏེ། གཟབ་ནན་གྱི་ལྟ་སྐུལ་དོ་དམ་དང་སྐུལ་སློང་ཁག་ཁུར་གཅིག་གྱུར་ཡོང་བར་བྱས་ཏེ། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་བ། འགལ་བ་སེལ་བ། བདེ་འཇགས་སྲུང་བའི་ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་དགོས་ལ། ཆབ་སྲིད་གླེང་བའི་རྣམ་འགྱུར་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པའི་ཆོད་སེམས་བརྟན་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། སངས་བཀྲ།