སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། ཅི་ལིན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་གང་ལེགས་ཡོང་བར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་གནས་བབ་དང་བསྟུན་ནས་མདུན་སྐྱོད་བྱེད་པ། གསར་གཏོད་བྱེད་ཕོད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱེད་དགོས་ཞེས་གསུངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་འཛིན་སར་བརྩིས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས། བརྩོན་སེམས་ཆེ་ལ་གྲུབ་འབྲས་ལྡན་པའི་རྣམ་འགྱུར་བཅངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་བསྟན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་སྐུལ་སྤེལ་དང་ཐོན་ལས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་འདི་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་དང་དགེ་མཚན་ལྡན་པའི་ཐོན་ལས་རྒྱ་སྐྱེད་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བཅས་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཅི་ལིན་གྱི་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་ཞེས་གསུངས། ཁྲང་ཁྲུན་ཁུལ་གསར་དུ་སྒྲིག་ཆས་བཟོ་སྐྲུན་དང་སྨན་རྫས་བདེ་ཐང་། འོད་གློག་ཆ་འཕྲིན་སོགས་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས། ཚན་རྩལ་གྲུབ་འབྲས་གལ་ཆེན་ཁག་ཅིག་མགྱོགས་མྱུར་ངང་མངོན་འགྱུར་བྱས་ཡོད། ད་ལོ་ཁྲང་ཁྲུན་ཁུལ་གསར་དུ་སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་ཆེད་གཉེར་འཛིན་གྲྭ་བཙུགས་ནས། མཐོ་རིམ་སློབ་ཆེན་དང་སློབ་གླིང་གི་གསར་གཏོད་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། གངས་འཁྱགས་དང་རང་བྱུང་མཛེས་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཁྱད་ལྡན་ཐོན་ཁུངས་བེད་སྤྱད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་། ཅི་ལིན་ལ་མཚོན་ནས་བཤད་ན་གངས་འཁྱགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། གངས་འཁྱགས་ཀྱི་དུས་སྐབས་འདིར། ས་གནས་སོ་སོས་གངས་འཁྱགས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱས་ཏེ། ཁྱད་ཆོས་ལྡན་པའི་གངས་འཁྱགས་བྱེད་སྒོ200ཙམ་སྤེལ་བ་དང་། མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་རིགས300ལྷག་ལ་རྩ་འཛུགས་བྱས་ཡོད།ཅི་ལིན་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་གྱིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་དེ་དོན་གཉེར་གྱི་ཁ་ཕྱོགས་གཙོ་བོར་བྱས་ནས། ཚན་རྩལ་ཞིང་ལས་དང་ལྷད་མེད་ཞིང་ལས། སྤུས་ཚད་ཡོད་པའི་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་གཅིག་གྱུར་གྱིས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས། མིག་སྔར། ཡངས་ཤིང་རྒྱ་ཆེ་བའི་ས་ནག་གི་ཞིང་ཐང་དུ་ལྗང་མྱུག་འབུས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ལིས་ཧྲུའུ་རྫོང་དུ། ཞིང་ལས་ལག་རྩལ་མི་སྣས་བྲེལ་མྱུར་ངང་ས་རྒྱུ་ཚད་འཇལ་གཏན་འཁེལ་བྱེད་ཀྱིན་ཡོད་ཅིང་། ས་ནག་སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་ལ་ལག་རྩལ་གྱི་འདེགས་སྐྱོར་བྱེད་བཞིན་ཡོད།
ཅི་ལིན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས་ཞེས་གསུངས། ཡན་ཅི་གྲོང་ཁྱེར་ཏན་དབྱིན་སྡེ་ཁུལ་དུ། གྲོང་མི་ཚོས་གླུ་གར་སྦྱོང་བརྡར་བྱས་ནས། རྒྱ་ལོའི་ཚེས་བཅོ་ལྔའི་དུས་ཆེན་གྱི་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཏན་དབྱིན་སྡེ་ཁུལ་ལ་མཚོན་ནས་བཤད་ན་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས62%ཟིན་ཡོད་ཅིང་། དུས་རྒྱུན་དུ་ཁྱིམ་མཚེས་ཕན་ཚུན་བར་འགྲོ་འོང་དང་རོལ་དབྱངས་སྤྲོ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས། རིགས་སོ་སོའི་མང་ཚོགས་མཉམ་འཛོམས་བྱས་ཏེ། ཕན་ཚུན་བར་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་སྟོན་བཞིན་ཡོད།བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་དེ་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་མིན་དང་ཐད་ཀར་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགལ་བ་གཏིང་རིང་གི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་དགོས་ཞེས་ནན་བཤད་གནང་། ལུགས་རྙིང་ལོ་སར་ཚེས་རྗེས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བ་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་བར་དུ། སྡེ་ཁག་སོ་སོས་འགན་འཁུར་བ་དང་དམ་འཛིན་དངོས་སྒྲུབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྐྲུན་བཞིན་ཡོད།