མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  2025-02-11 15:29:53 

ཟླ2པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  འཛད་སྤྱོད་སྐུལ་སྤེལ་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། 《2025ལོའི་ཕྱི་རྒྱལ་གྱི་མ་དངུལ་བརྟན་གཏོང་བྱེད་པའི་བྱ་སྤྱོད་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གཙོ་གནད་ཐོན་ལས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་བའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་ལས་གཞན། ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས།གྲོས་ཚོགས་ལས་བསྟན་དོན། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུ་ནི་ནང་ཁུལ་གྱི་དགོས་མཁོ་ཆེ་རུ་གཏོང་བ་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཆེ་རུ་གཏོང་བ་དང་སྟོབས་ལྡན་ཅན་དུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན། འདུ་ཤེས་ལ་འགྱུར་ལྡོག་དོན་ལྡན་བཏང་ནས། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ལས་དོན་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་དགོས། གྲོང་མིའི་ཡོང་འབབ་འཕར་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། གླ་ཕོགས་རང་བཞིན་གྱི་ཡོང་འབབ་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ལ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་པར་མ་ཟད། འཛད་སྤྱོད་ནུས་པ་མངོན་སུམ་ཆེ་རུ་གཏོང་དགོས། ཤུགས་རྐྱེན་ཐེབས་པའི་རང་བཞིན་ཆེ་བ་དང་འཕར་བའི་བར་སྟོང་ཆེ་བའི་འཛད་སྤྱོད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་ནན་མོ་བྱེད་དགོས།  ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་སྔར་ལས་ཇེ་ལེགས་སུ་བཏང་ནས་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་།“རྒན་བྱིས་གཉིས”ཀྱི་ཞབས་ཞུའི་མཁོ་སྤྲོད་སྔར་ལས་ལེགས་སུ་གཏོང་དགོས། དམངས་ལ་སྟབས་བདེ་བསྐྲུན་པ་དང་ཞབས་ཞུའི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། རིག་རྩལ་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བ། གངས་འཁྱགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱལ་མཚམས་སུ་འཛུལ་བའི་འཛད་སྤྱོད་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་འབོར་ཆེན་གྱི་གསར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ། རླངས་འཁོར་འཛད་སྤྱོད་ཀྱི་འབྲེལ་ཐག་སྣུར་སྲིང་བཅས་བྱེད་དགོས། འཛད་སྤྱོད་སྤུས་རྟགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ།“མིས་བཟོས་རིག་ནུས་དང་འཛད་སྤྱོད་ཟུང་འབྲེལ་བྱེད་པ”དང་། བདེ་ཐང་འཛད་སྤྱོད་སོགས་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་ཐོན་རྫས་གསར་པ་དང་རྣམ་པ་གསར་པ། ཚ་རླབས་གསར་པ་བཅས་རྒྱུན་མཐུད་ངང་སྐྲུན་དགོས། འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤུས་ཚད་ཀྱི་ཚད་གཞི་དང་ཡིད་རྟོན་ཚོད་འཛིན། ཕྱོགས་བསྡུས་བཅོས་སྐྱོང་། འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་གང་ལེགས་བྱས་ནས། བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས།

    གྲོས་ཚོགས་ལས་བསྟན་དོན། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་མཚོན་ནས་བཤད་ན། ལས་ཞུགས་བསྡུ་ལེན་དང་ཕྱིར་གཏོང་བརྟན་བརླིང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་པས། དངོས་གཉེར་དང་ཕན་འབྲས་ལྡན་པའི་བྱེད་ཐབས་སྔར་ལས་གང་མང་སྤྱད་དེ་གསོག་ཚད་བརྟན་བརླིང་དང་ཇེ་མང་དུ་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་རང་བདག་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟའི་ལས་དོན་ཟབ་སྤེལ་གཏོང་བ།བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་བླང་བྱ་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ཇེ་ལེགས་སུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་རྒྱུར་སྐུལ་མ་གཏོང་བའི་ཐོན་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས།“ཀྲུང་གོར་མ་དངུལ་འཇོག་པའི”སྤུས་རྟགས་མུ་མཐུད་དུ་གཏོད་དགོས་པ་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་རང་རྒྱལ་དུ་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་གྱིས་ཀྲུང་གོར་རྐང་དབང་མ་འཇོག་བྱེད་པར་སྐུལ་མ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་མཉམ་ཉོའི་སྒྲིག་སྲོལ་དང་མཉམ་ཉོའི་ཉོ་ཚོང་གོ་རིམ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ལས་ཀའི་ཁྲོད་ནང་ཁུལ་དང་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུ་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་ལས་གཞིར་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ཏེ། ཕྱི་རྒྱལ་ནས་ཡོང་བ་དང་གནས་སྡོད་བྱེད་པ་སོགས་ཀྱི་ཐད་ཕྱི་རྒྱལ་ཁེ་ལས་ཀྱི་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་དགོས།གྲོས་ཚོགས་ལས་བསྟན་དོན། མཁོ་སྤྲོད་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནད་རྟགས་དང་རྩ་བ་གཉིས་ཀ་བཅོས་སྐྱོང་བྱས་ནས་གཙོ་གནད་ཐོན་ལས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་པ། སྡེབ་སྒྲིག་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ། རྗེས་ལུས་དང་ཕན་འབྲས་ཞན་པའི་ཐོན་ནུས་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་བ། རིམ་པ་མཐོ་བའི་ཐོན་ནུས་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཇེ་ལེགས་སུ་གཏོང་བ་དང་། ལས་རིགས་ཀྱི་རང་གཅུན་རང་སྡོམ་ལ་ཤུགས་བསྣན་ཏེ། དྲང་གཞག་འགྲན་རྩོད་དང་ལེགས་རྒྱལ་ཞན་སེལ་གྱི་ཁྲོམ་རའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།