མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒོ་བྱང་དངོས་སུ་བཀལ།

  2025-02-09 23:33:50 

ཟླ2པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒོ་བྱང་འགེལ་བའི་བྱེད་སྒོ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་འཛིན་དབུ་གཙོ་ཁྲིན་ཏི་ཞིན་གཉིས་ཀྱིས་ཤིས་ཚིག་ཕུལ་བར་མ་ཟད་མཉམ་དུ་སྒོ་བྱང་གི་ཡོལ་རས་ཕྱེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧང་ཀྲང་ལིའུ་ཅུན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཀྲོང་ཧྲུའུ་ཞིན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཐད་དུ་དུས་ཡུན་རིང་པོར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཝུའུ་ཞའོ་ཅུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་སྐུ་དངོས་སུ་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། ང་ཚོར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་རླབས་ཆེན་གྱི་ཇུས་གཞི་བཀོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་སྟོན་གནང་ཡོད་ལ། ལྷག་པར་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པའི་རྟགས་མཚན་གསལ་བོར་བཀོད་ཡོད། ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་བཙུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱེད་པའི་ལག་ལེན་གལ་ཆེན་ཞིག་དང་། ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་མཚོན་རྟགས་གསར་པ་ཞིག་ཡིན་ལ། ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་དཔེ་མཚོན་གསར་པ་ཞིག་ཡིན་པས། མཚོ་སྔོན་གྱི་ཚྭ་མཚོ་དང་ཀྲུང་གོའི་ཚྭ་མཚོ། འཛམ་གླིང་གི་ཚྭ་མཚོའི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞེས་བཤད།

ཝུའུ་ཞའོ་ཅུན་གྱིས་ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཨང་དང་པོ་ཡིན་ལ། རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་ཚྭ་མཚོས་ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འོས་འགན་གལ་ཆེན་ཕྲག་ཏུ་ལེན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་འབེབས་བྱེད་པའི་སྟོབས་ཤུགས་གཙོ་བོ་བྱེད་དགོས་ལ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བསྐྱེད་པ། ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་དང་ནུས་མཐོ། འཁོར་སྐྱོད་བཅས་ཀྱི་རྣམ་པས་གསར་སྤེལ་བྱེད་པ་མངོན་འགྱུར་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པའི་ཐོན་ལས་ལ་འགན་སྲུང་བྱེད་ཆེད་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད། ཀྲུང་གོ་ཚྭ་མཚོས་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་རྡོ་ལྟ་བུ་བྱེད་པ་དང་། ཐོན་ལས་དང་དོ་དམ། འཇོན་མི། གསར་གཏོད། མ་དངུལ། ཚོང་ར་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ཚྭ་མཚོའི་ཐོན་ལས་དེ་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་འཕར་སྣོན་གྱི་གནས་གསར་པ་གསོ་སྐྱོང་བྱེད་པའི་རེ་བ་ཡོད། ཀྲུང་གོ་ཚྭ་མཚོས་འཛམ་གླིང་གི་རྩེ་གྲར་སྙེག་པ་དམིགས་སུ་བཟུང་སྟེ། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཐེབས་ནུས་པའི་ཚྭ་མཚོའི་སྣེ་ཁྲིད་ཁེ་ལས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱེད་པ་དང་། བདག་གཉེར་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ལ། ཚྭ་མཚོའི་ཐོན་ལས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་ཚད་འཛིན་ཁེ་ལས་ཤིག་བསྐྲུན་པའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཀྱི་འཕེལ་རྒྱས་ཐད་སྔར་ལས་ལེགས་པའི་ཁོར་ཡུག་དང་སྔར་ལས་ཕན་ལྡན་གྱི་ཆ་རྐྱེན་བསྐྲུན་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལས་དོན་གྱིས་གོམ་སྟབས་གསར་པ་སྤོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཁྲིན་ཏི་ཞིན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་གཏེར་ལྔ་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་སྤེལ་ནས་ཀྲུང་གོ་ཚྭ་མཚོ་མཉམ་བསྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལག་ལེན་གལ་ཆེན་ཞིག་དང་། ཕྱོགས་སོ་སོའི་དགེ་མཚན་སྡེབ་སྒྲིག་བྱས་ཏེ་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་སྔར་ལས་ཤུགས་དྲག་ཏུ་གཏོང་བའི་ཐབས་ཇུས་བྱེད་ཐབས་ཤིག་ཡིན་ལ། ཀྲུང་གོ་གཏེར་ལྔ་སྡེ་ཚོགས་ཀྱིས་དཀྱིལ་སྙིང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་དཀྱིལ་སྙིང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། འཛམ་གླིང་རྩེ་གྲའི་ལྕགས་རིགས་གཏེན་ཐོན་ཁེ་ལས་སྡེ་ཚོགས་མྱུར་དུ་འཛུགས་སྐྲུན་བྱེད་པའི་འོས་འགན་འཁེལ་ས་ཡིན་པས། མགོ་རྩོམ་ས་གསར་པའི་སྟེང་། ཀྲུང་གོ་གཏེར་ལྔ་སྡེ་ཚོགས་ཀྱིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་གནས་བབ་ལེགས་པོར་ལྡབ་འགྱུར་གྱིས་གཅེས་འཛིན་བྱེད་པ་དང་། ཡང་འབད་བསྐྱར་འབད་དང་ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོའི་ཚྭ་མཚོའི་ལས་དོན་སྣ་ཚོགས་ཡང་བསྐྱར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཐོན་ལས་ཀྱི་ཕྲེང་འབྲེལ་ཧྲིལ་བོ་གཞི་གཅིག་ཅན་གྱི་དགེ་མཚན་དང་ལྷག་པར་ཚན་རྩལ་སྟོབས་ཤུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་འཆར་འགོད་བཟང་པོ་དང་འཛུགས་སྐྲུན་ཡག་པོ། བདག་གཉེར་གང་བཟང་བྱས་ནས། རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་རྨང་རྡོ་དང་། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་བརྟན་གནས། མཐོ་རིམ་ལྕགས་རིགས་ཕལ་བའི་རྒྱུ་ཆའི་གཙོ་ཤུགས་འདོན་མཁན་བཅས་སུ་འགྱུར་བར་བྱེད་དགོས་ཞེས་བཤད།

ལིའུ་ཅུན་གྱིས་ཤིས་ཚིག་འབུལ་སྐབས། བཟོ་ཚོང་དངུལ་ཁང་གི་ཚབ་བྱས་ཏེ་ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་བཟོ་ཚོང་དངུལ་ཁང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་གཏེར་ལྔ་སྡེ་ཚོགས། ཀྲུང་གོ་ཚྭ་མཚོ་བཅས་བར་གྱི་འཐབ་ཇུས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། དངུལ་རྩ་ཞབས་ཞུའི་གཙོ་ཤུགས་མཁན་གྱི་བྱེད་ནུས་མུ་མཐུད་འདོན་སྤེལ་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་དངུལ་རྩའི་རྒྱབ་སྐྱོར་ཤུགས་དྲག་ཏུ་བཏང་ནས་སྟེགས་བུ་བསྐྲུན་པ་དང་ཐོན་ཁུངས་ནང་འདྲེན། མཉམ་ལས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཚྭ་མཚོའི་ཐོན་ལས་ཀྱི་ཚན་རྩལ་དང་ཐོན་ཁུངས། མ་རྩ་དང་ཚོང་ར་བཅས་ཀྱི་འཕེལ་རྒྱས་རྣམ་པར་དམིགས་ཏེ། མ་རྩ་བརྟན་པོ་རྒྱ་བསྐྱེད་པར་རོགས་རམ་དང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ཁུངས་སྡེབ་སྒྲིག ལྗང་མདོག་ཚུལ་སྒྱུར་སོགས་ཕྱོགས་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བཟོ་ཚོང་དངུལ་ཁང་གི་འཛམ་གླིང་རང་བཞིན་གྱི་ཞབས་ཞུའི་དྲ་བར་གཞི་བཅོལ་ཏེ། ཕྱིར་བསྐྱོད་ཀྱི་ཞབས་ཞུའི་འགན་སྲུང་ཤུགས་དྲག་ཏུ་བཏང་ནས་ཚྭ་མཚོའི་ཐོན་ལས་ཕྲེང་འབྲེལ་གྱི་ཁེ་ལས་ལ་བདེ་འཇགས་ནུས་མཐོ་ཅན་གྱི་མངའ་ཁོངས་བརྒལ་བའི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པ་དང་། ཐཱན་ཉུང་ལྗང་མདོག་འཁོར་སྐྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།

ཀྲོང་ཧྲུའུ་ཞིན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་བཙུགས་པ་ནི། མཚོ་སྔོན་ཞིང་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པས། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱིས་ནུས་ཤུགས་ཡོད་དགུས་ཀུང་སི་གསར་པས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་འཚོལ་ཞིབ་དང་གསར་སྤེལ། བེད་སྤྱོད་བཅས་ལ་གཅིག་འདོམས་འཆར་འགོད་བྱས་ནས། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་གསར་པའི་རྒྱུ་ཆར་འགན་སྲུང་བྱེད་པའི་ཤུགས་འདོན་མཁན་གཙོ་བོ་བྱེད་རྒྱུའི་རེ་བ་ཡོད། ཁེ་ལས་གཙོ་གཞི་དང་ཚོང་ར་ཁྲིད་ཕྱོགས་སུ་འཛིན་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་མ་ལག་བཙུགས་ཏེ། ཐོན་ལས་ཕྲེང་འབྲེལ་དང་རིན་ཐང་ཕྲེང་འབྲེལ་མཐོ་རིམ་ཅན་གྱི་ཕྱོགས་སུ་འཕེལ་བར་བྱེད་པ་དང་། ཚན་རྩལ་རང་སྟོབས་རང་སྤེལ་གྱི་སྣེ་ཁྲིད་པ་བྱེད་དགོས། ལག་རྩལ་དང་ཉམས་མྱོང་། ཚོང་ར། འཇོན་མི་བཅས་མཚོ་སྔོན་དུ་སྦྲེལ་མཐུད་བྱས་ཏེ། ས་གནས་ཀྱི་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་ཁྲིད་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་བྱས་ནས་མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་བྱེད་སྒོར་ཞུགས། ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས། ཀྲུང་གོ་བཟོ་ཚོང་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་དངུལ་རྩ་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཚྭ་འདམ་གཞོང་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟ་ཁུལ། མཚོ་ཤར་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།