ཟླ2པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན། ཀྲིན་ཐའེ་སྡེ་ཚོགས་ཀྱི་རྐང་འཛིན་དབུ་གཙོ་ནན་ཚུན་ཧུའེ་ཡིས་མགོ་ཁྲིད་པའི་ཀྲེ་ཅང་ཚོང་པའི་འཐུས་ཚབ་ཚོགས་པ་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཀྲེ་ཅང་ཚོང་པའི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་དར་དང་མཉམ་ལས་ཟབ་སྤེལ་བྱེད་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་འདེགས་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་པ་དང་། གལ་ཆེ་བ་གཙིགས་སུ་འཛིན་པ་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པ་དང་། ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད། མཚོ་སྔོན་གྱི་རྒྱལ་ཡོངས་སྤྱིའི་གནས་བབ་ཁྲོད་ཀྱི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་ལ། འཕེལ་རྒྱས་ཀྱི་ལམ་བུ་ཧ་ཅང་གསལ་ཞིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཁེ་ལས་སོ་སོས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་བཀོལ་སྤྱོད་བྱེད་པ། མཚོ་སྔོན་དུ་དངུལ་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་བ། མཚོ་སྔོན་དྲིལ་སྒྲོག་དང་ངོ་སྤྲོད་ཤུགས་ཆེན་བྱེད་པ། སྟོད་སྨད་རྒྱུད་ཀྱི་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་དུ་གཞིས་ཆགས་པར་སྣེ་ཁྲིད་བྱས་ནས། མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་མཚོ་སྔོན་དུ་དར་རྒྱས་གོང་འཕེལ་གཏོང་བར་སྔར་བཞིན་དུ་རྒྱབ་སྐྱོར་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་བཅོས་སྒྱུར་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། ཁེ་ལས་ཀྱི་མ་རྩ་ཇེ་དམའ་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་འགྲན་རྩོད་ཀྱི་དགེ་མཚན་རྒྱུན་འཁྱོངས་བྱེད་པར་རོགས་འདེགས་བྱས་ཏེ། མཉམ་དུ་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་འབྲི་རྒྱུ་རེད།
ནན་ཚུན་ཧུའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲེ་ཅང་ཚོང་པའི་འཐུས་ཚབ་ཚོགས་པར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། དག་གཙང་ནུས་ཁུངས་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ལ་དམིགས་ནས་འཛུགས་སྐྲུན་རང་བཞིན་གྱི་གྲོས་གཞི་བཏོན། ཁོས་བསྟན་དོན། རབ་མཛེས་མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་འབེལ་ཞིང་འཐབ་ཇུས་གོ་གནས་གལ་ཆེ་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་བཟང་བ་དང་། དངུལ་གཏོང་ལས་དར་གྱི་ས་ཆ་བཟང་བོ་ཞིག་རེད། སྐོར་ཐེངས་གསར་བའི་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་ལེགས་སྒྲིག་གཏིང་ཟབ་བྱས་ཏེ། ཀྲེ་ཅང་དང་མཚོ་སྔོན་གྱི་མཉམ་ལས་ཐད་བར་སྟོང་ཆེན་པོ་བསྐྲུན་པ་དང་། ཀྲེ་ཅང་གི་ཚོང་བས་འབད་བརྩོན་ཆེན་པོ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ལིའུ་ཁྲའོ་བཅས་བཞུགས་མོལ་ལ་ཞུགས།