ཟླ2པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུའི་སྟེང་དུ། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཅུན་ལེན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་སྡེ་བ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་ནས། ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་བར་དུ། ཁྱིམ་ཚང་བཅུའི་ཁང་པ་ས་འོག་ཏུ་མནན་པ་དང་། མི30ལྷག་གར་ཡོད་མ་ཤེས།
དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་རྐྱེན་དེར་མཐོང་ཆེན་གང་ལེགས་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཅུན་ལེན་རྫོང་དུ་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི་མང་པོ་གར་ཡོད་ཤེས་མེད་པས། ཐབས་བརྒྱ་ཇུས་སྟོང་གིས་གར་ཡོད་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། མི་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས་པར་མ་ཟད། རྗེས་མཐུད་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་བཅོས་བྱེད་པར་དོ་སྣང་བྱས་ཏེ། ཞོར་སྐྱོན་སྔོན་འགོག་བྱེད་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་ཉེན་ཁའི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ནས། གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་འཚེ་ཚབས་ཆེན་དང་དོན་རྐྱེན་ཚབས་ཆེན་ལ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ནན་མོ་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྱང་དོན་རྐྱེན་དེའི་ཐད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་གར་ཡོད་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་བ་དང་རྗེས་མཐུད་ཀྱི་དོན་དག་ཐག་གཅོད་ཡག་པོ་བྱེད་དགོས། དུས་མཚུངས་སུ། རི་ཉིལ་བའི་རྒྱུ་རྐྱེན་ལ་རྩད་གཅོད་ནན་མོ་བྱེད་རྒྱུ་དང་། མཐའ་འཁོར་གྱི་ས་གཤིས་གནོད་འཚེ་ཡི་འགལ་རྐྱེན་ལ་ཞིབ་བཤེར་བྱས་ཏེ། འཇིགས་སྣང་ཐེབས་པའི་མང་ཚོགས་གནས་སྤར་ནས་ཞོར་སྐྱོན་མི་འབྱུང་བར་འབད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། རང་བྱུང་ཐོན་ཁུངས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་བསྟུན་བྱེད་ཐབས་སྤྱོད་མགོ་བརྩམས་པར་མ་ཟད། ལས་དོན་ཚན་ཁག་དོན་རྐྱེན་བྱུང་ཡུལ་དུ་མངགས་ནས་རོགས་སྐྱོབ་མཛུབ་སྟོན་བྱས་པ་དང་། སི་ཁྲོན་ཞིང་ཆེན་དང་དབྱི་པིན་གྲོང་ཁྱེར་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་བྱེད་བཞིན་ཡོད། མིག་སྔར། ལས་རིམ་ཁག་སོ་སོ་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།