མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལུགས་རྙིང་ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱི་ཉེས་དོན་དང་བདེ་སྲུང་ཉེན་དོན་འབྱུང་ཚད་དུས་མཚུངས་ལས་མར་ཆགས།

  2025-02-06 15:57:15 

ཟླ2པའི་ཚེས4ཉིན། གསར་འགོད་པས་སྤྱི་བདེ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་རྙིང་ལོ་སར་སྐབས་སུ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་བདེ་འཇགས་ངང་དུས་ཆེན་རོལ་བར་འགན་ལེན་བྱས། ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། རྒྱལ་ཡོངས་ཀྱི་ཉེས་དོན་དང་བདེ་སྲུང་ཉེན་དོན་འབྱུང་ཚད་དུས་མཚུངས་ལས་སོ་སོར20.9%དང་14.3%མར་ཆག་ཡོད་ཅིང་། བྱེད་སྒོ་ཆེ་གྲས4800ལྷག་དང་ཤོག་སྦག་འགད་པའི་བྱེད་སྒོ་ཆེ་གྲས710ལྷག་ཙམ་བདེ་འཇགས་དང་བདེ་བླག་ངང་སྤེལ་ཏེ། རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གནས་སྟངས་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།
ད་ལོའི་ལུགས་རྙིང་ལོ་སར་གྱི་གུང་གསེང་ཉིན་བརྒྱད་རིང་། མང་ཚོགས་ཕ་ཡུལ་དུ་ཆས་པའི་སྤྲོ་སེམས་སྔར་ལས་ཆེ་རུ་ཕྱིན་པ་དང་། བྱེད་སྒོ་ཆེ་གྲས་ཁག་ཚགས་དམ་པོའི་ངང་གཉེར་བ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་མི་མང་གི་འདུ་འཛི་རབ་ཏུ་རྒོད་པ་བཅས་ཀྱི་དབང་གིས། བདེ་འཇགས་བརྟན་བརླིང་གི་སྲུང་སྐྱོང་ལས་དོན་ལ་ཉེན་ཁ་དང་འགྲན་སློང་གང་མང་གནས་ཡོད། སྤྱི་བདེ་པུའུ་ཡིས་གཅིག་གྱུར་འཆར་འགོད་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ལས་དོན་ཁག་ཕན་འབྲས་ཆེ་བའི་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་མདུན་ས་ནས་བཀོད་འདོམས་བྱས་པ་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་གཞོགས་འདེགས་ཉེན་རྟོག་པས་འགན་གཙང་ལེན་བྱས་ནས། ཁྱིམ་ཚང་ཁྲི་སྟོང་བདེ་འཇགས་མཉམ་འཛོམས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།

ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་འགན་རྩ་འཛུགས་བྱས་ཏེ། ཉེན་རྟོག་པ་མི་ཐེངས་ས་ཡ་བཞི་ལྷག་ཙམ་བཏང་བ་དང་། མང་ཚོགས་སྔོན་འགོག་དང་མང་ཚོགས་བཅོས་སྐྱོང་གི་སྟོབས་ཤུགས་ཐད་མི་ཐེངས་ཁྲི740སྐུལ་སློང་བྱས་ཏེ། དམིགས་འབེན་ཡོད་པའི་སྒོ་ནས་དར་རྒྱས་ཆེ་བའི་ཚོང་གཉེར་ཁུལ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་ལྟེ་གནས། དྲ་ལམ་དུ་གྲགས་པའི་གནས་ཡུལ་གཙོ་བོ་དང་མི་སྣ་འདུས་སྡོད་ཆེ་བའི་གནས་སུ། སྐོར་གཡེང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དུས་ཆེན་སྐབས་སུ་ཁྲིམས་འགལ་ཉེས་གསོག་འབྱུང་སླ་བའི་གནད་དོན་ལ་རྡུང་རྡེག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། བདེ་འཇགས་ཀྱི་སྒྲིག་ལམ་བཟང་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། པེ་ཅིང་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་རེར་ཉེན་རྟོག་པ་ཁྲི་བཞི་དང་སྟོང་གཉིས་བཀོད་སྒྲིག་བྱས་ནས། རྒྱལ་སའི་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་འགན་ལེན་བྱས། ཧེ་ལུང་ཅང་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྐོར་སྐྱོད་སྐོར་གཡེང་ལ་ཤུགས་བསྣན་པ་དང་། གངས་འཁྱགས་ཡུལ་སྐོར་གྱི་དུས་ཚིགས་དང་ཟུང་འབྲེལ་བྱས་ནས་བདེ་འཇགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒྱུས་བསྐྲུན་ཡོད། གནས་སྤོར་དོ་དམ་སྡེ་ཁག་གིས་འགག་སྒོའི་ཞིབ་བཤེར་ཚོད་འཛིན་དང་མཐའ་མཚམས་དོ་དམ་ཚོད་འཛིན་ནན་མོ་བྱས་ནས། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ལྷག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་འབུམ་བཞི་དང་ཁྲི་བདུན་ལ་ཞིབ་བཤེར་བྱས་ནས། རྒྱལ་ཡོངས་ཀྱི་འགག་སྒོའི་འགྲོ་སྐྱོད་སྐྱེལ་འདྲེན་བདེ་བླག་ཡོང་བར་བྱས་པ་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་པོ་ཡོང་བར་བྱས།

རྩོམ་སྒྲིག་པ། སངས་བཀྲ།