ཟླ2པའི་ཚེས5ཉིན་ནི་ལོ་གསར་གུང་གསེང་རྗེས་ཀྱི་ལས་ཞུགས་ཀྱི་ཉིན་དང་པོ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ཁ་ཤས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ལོ་གསར་གུང་གསེང་སྐབས་སུ་ལས་ཡུལ་དང་པོ་བརྟན་སྲུང་བྱེད་པའི་འཛུགས་སྐྲུན་པ་རྣམས་ལ་འཚམས་འདྲི་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། ཡིད་ཆེས་ཆེར་བསྐྱེད་དང་གོ་སྐབས་དམ་འཛིན། དངོས་སྒྲུབ་བརྩོན་ལེན་བཅས་བྱས་ནས། ལོ་གསར་པའི་མགོ་ཡག་པོར་རྩོམ་པའི་དམིགས་འབེན་འབད་པ་ཆེན་པོས་མངོན་འགྱུར་བྱེད་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།ཛ
འཕྲུལ་ཆས་རེ་རེ་ལྡེམ་མྱུར་སྒོས་འགུལ་བཞིན་པ་དང་བསྟུན་ནས་ལག་རྩལ་ལས་བཟོ་པ་རྣམས་ཀྱང་གོ་རིམ་ལྡན་པར་ལས་ཀར་བྲེལ་བཞིན་འདུག་ཅིང་། མི་མེད་སྐྱེལ་འདྲེན་རླངས་འཁོར་གྱིས་ཀྱང་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བཞིན་ཡོད་ལ། ནུས་ཁུངས་གསར་པའི་རླངས་འཁོར་གྱི་སྲོག་ཤིང་དུ་འབོད་པའི་སྒུལ་ནུས་གློག་རྡོ་རྒྱུན་ཆད་མེད་པར་ཐོན་སྐྱེད་བྱེད་བཞིན་འདུག ཝུའུ་ཞའོ་ཅུན་མཚོ་སྔོན་ཧྥེ་ཏིས་གློག་རྡོ་ཚད་ཡོད་ཀུང་སིའིPACKཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཐོན་ལས་ཕྲེང་འབྲེལ་གྱི་བཀོད་པ་དང་། ཐོན་སྐྱེད་བདག་གཉེར། ཚན་རིག་ཞིབ་འཇུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་མགྱོགས་མྱུར་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་བར་ཁས་ལེན་གང་ལེགས་བྱས། བཞུགས་མོལ་བརྗེ་རེས་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་ནས་ཁེ་ལས་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། གསོག་ནུས་དང་རྒྱུ་ཆ་གསར་པ། སྒུལ་ནུས་གློག་རྡོ། ཐོན་ལས་བཀོད་པ་སོགས་ཕྱོགས་ཀྱི་ཐོལ་བརྒལ་གསར་བ་དང་འཕེལ་རྒྱས་གསར་བ་མངོན་འགྱུར་བྱས་ནས། ཐོན་རྫས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཕྲེང་འབྲེལ་གཙོ་བོའི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྟོད་སྨད་རྒྱུད་ཀྱི་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཐོན་ལས་ཕྲེང་འབྲེལ་གྱི་གདུབ་ཟུམ་རྣམ་པ་གྲུབ་པར་སྐུལ་འདེད་བཏང་ནས། འབད་པ་ཆེན་པོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།
མཚོ་སྔོན་གོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་སི་ནི་འོད་ནུས་རྒྱུ་ཆ་ཐོན་སྐྱེད་རྣམ་པའི་ཁེ་ལས་ཤིག་ཡིན་ལ། ཀུང་སི་དེས་ལོ་གསར་གྱི་གུང་གསེང་སྐབས་སུ་སྔར་བཞིན་ལས་གཉེར་བྱས་ཏེ། ཤེལ་ལེབ2200པོ་ཚང་མ་འཁོར་སྐྱོད་བྱས་ནས་བྲེལ་ཟིང་གི་ཁྲོད་དུ་གནས་ཡོད། ཝུའུ་ཞའོ་ཅུན་གྱིས་ཐོན་སྐྱེད་ལམ་འགྲམ་དུ་ཁེ་ལས་ཀྱི་འགན་ཁུར་པ་དང་བརྗེ་རེས་བྱས་པ་དང་། ཁེ་ལས་ཀྱིས་སྔ་མོ་ནས་འབད་བརྩོན་དང་དམ་འཛིན་བྱེད་པའི་འཕེལ་རྒྱས་སུ་གཏོང་ཤུགས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ཁྲོད་འཕྲད་པའི་དཀའ་ཁག་དང་དཀའ་གནད་ཤེས་རྗེས། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས། ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ན་རང་ཞིང་གི་འོད་ནུས་ཐོན་ལས་འཕེལ་རྒྱས་འགྲོ་བར་བར་སྟོང་ཆེན་པོ་ཞིག་བསྐྲུན་ཐུབ་པས། ཁེ་ལས་ཀྱིས་སྔར་ལས་ལྷག་པའི་ངར་ཤུགས་བསྐྱེད་པ་དང་འབད་འབུངས་ཡར་བརྩོན་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་ལག་རྩལ་འཕེལ་ཕྱོགས་ནན་འཛིན་གྱིས་གསར་གཏོད་ལག་ལེན་བྱེད་ཕོད་ཅིང་། ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ། གཙོ་ཁིད་ཐོན་ལས་མུ་མཐུད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། ཕྲེང་འབྲེལ་སྔར་ལས་ཤུགས་དྲག་དང་ཁ་གསབ། རྒྱུན་སྲིང་བཅས་བྱས་ནས་ཡང་འབད་བསྐྱར་འབད་བྱས་ཏེ་ཡང་བསྐྱར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།
རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་དང་རྒྱ་བསྐྱེད་ཐུབ་པར་སྔར་བཞིན་རྒྱབ་སྐྱོར་བྱེད་པ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་ཞབས་ཞུ་འགན་སྲུང་ལེགས་པོར་སྒྲུབ་པ་དང་། སྲིད་ཇུས་རྒྱབ་སྐྱོར་ཤུགས་དྲག་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་བའི་དོན་དངོས་གནད་དོན་དངོས་སུ་ཐག་གཅོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་མ་རྩ་ཉུང་གཏོང་དང་ཕན་ནུས་འཕར་བར་རོགས་ཤུགས་འདོན་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལས་ཞུགས་བརྟན་གཏོང་དང་ལས་ཞུགས་ལ་སྐུལ་བའི་སྦས་ཤུགས་མུ་མཐུད་སྔོག་འདོན་བྱས་ཏེ། སྔར་ལས་མང་བའི་ན་གཞོན་མཚོ་སྔོན་གྱི་ལས་གཏོད་ལས་ཞུགས་ཁྲོད་ཞུགས་སུ་འཇུག་པ་དང་མཚོ་སྔོན་ནས་གཞི་ཚུགས་པར་བྱས་ནས་ཐོན་ལས་གསར་གཏོད་འཕེལ་རྒྱས་སུ་གཏོང་མཁན་གཙོ་བོར་འགྱུར་བར་བརྩོན་ལེན་བྱེད་དགོས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་མཐུན་སྦྱོར་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བསྐྱེད་ནས། སྲིད་ཚོང་གི་མཉམ་ལས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།