མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡིས་ཚོད་ལྟ་བྱས་ཏེ་རྒྱལ་དབང་ནགས་རའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན།

  2025-02-06 15:55:55 

2024ལོ་ནས་བཟུང་མཚོ་སྔོན་གྱི་རིམ་པོ་སོ་སོའི་ནགས་ལས་དང་རྩྭ་སའི་སྡེ་ཁག་དང་རྒྱལ་དབང་ནགས་ར། རྒྱལ་དབང་ལྗང་མྱུག་འདེབས་ར་བཅས་ཀྱིས་མཉམ་དུ་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་ལ་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རོགས་སྐྱོར་བྱེད་པ། ཐང་རྒོད་ཅན་ལ་བཅོས་སྐྱོང་བྱེད་པའི་ཕྱོགས་བསྡུས་མཁྲེགས་གཏོར་ལས་དོན་བཅས་ལ་དམ་པོར་དམིགས་ནས། རྒྱལ་དབང་ནགས་རའི་ཚོད་ལྟའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སོན་འབྲུ་བཟང་པོ་དང་ལྗང་མྱུག་སྟོབས་ལྡན་མཁོ་སྤྲོད་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། ནགས་ཚལ་རྒྱུན་མཐུད་གཉེར་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་ནས། རྒྱལ་དབང་ནགས་རའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

རྒྱལ་དབང་ནགས་ར་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གལ་ཆེན་ཞིག་ཡིན་པར་བརྟེན། དེས་ནགས་ཚལ་སྲུང་སྐྱོང་དང་ཉམས་པ་སླར་གསོ། དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་བླངས་ཡོད། ལྗང་མྱུག་ནི་ནགས་ཚལ་དང་རྩྭ་སའི་བྱ་གཞག་འཕེལ་རྒྱས་ཀྱི་འཕར་རྩ་ལྟ་བུ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དངོས་པོའི་རྨང་གཞིའང་ཡིན། མིག་སྔར། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ནགས་ར113གྱིས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ད་ཡོད་ཀྱི་རྒྱལ་དབང་ནགས་ར་དང་སོན་འབྲུ་དང་ལྗང་མྱུག་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་སྟེང་དུ། ནོར་ཤུགས་དང་དངོས་ཤུགས་དང་ལག་རྩལ་གྱི་སྟོབས་ཤུགས་བཅས་གཅིག་སྡུད་བྱས་ཏེ། རྒྱལ་དབང་ནགས་ར་དང་སོན་འབྲུ་དང་ལྗང་མྱུག་གསོ་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ནགས་རའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སོན་འབྲུ་དང་ལྗང་མྱུག་གི་རྟེན་གཞི་འཛུགས་སྐྲུན། སོན་བཟང་འདེམས་སྐྲུན། སོན་རྫས་ཐོན་ཁུངས་བསྡུ་སྒྲིལ། སོན་ལྗང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རྒྱལ་དབང་ནགས་ར་དང་སོན་འབྲུ་དང་ལྗང་མྱུག་དོ་དམ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྒྱལ་དབང་ནགས་རའི་བཅོས་སྒྱུར་ལེགས་འགྲུབ་བྱུང་རྗེས། དེའི་སྤྱི་ཕན་གྱི་ངོ་བོ་ཁ་གསལ་ཅན་དང་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་ཅན་དུ་ཕྱིན་ཡོད་ནའང་། སྔར་བཞིན་རྨང་གཞིའི་སྒྲིག་ཆས་ཅུང་ཞན་པ་དང་། གཉེར་སྐྱོང་གི་ཆུ་ཚད་དམའ་བ། ནང་གནས་སྒུལ་ཤུགས་མི་འདང་བ། ལག་རྩལ་གྱི་སྟོབས་ཤུགས་ཞན་པ། མཁོ་སྤྲོད་ཐད་ཀྱི་འགལ་བ་འབུར་ཐོན་ཡིན་པ། ལྗོན་ཤིང་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ཐོན་ཁུངས་ཀྱི་ལེགས་ཆ་དངོས་ནས་རྐང་ཚུགས་པར་བྱས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། རྒྱལ་དབང་ནགས་ར་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་གང་ལེགས་བྱས་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་མི་འདང་བ་སོགས་འགག་རྩའི་དཀའ་གནད་ཐག་གཅོད་བྱས་ཏེ། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་ཐབས་ལམ་རྒྱ་སྐྱེད་བཏང་ནས། རྒྱལ་དབང་ནགས་ར་དང་ནགས་ཚལ་དང་རྩྭ་རྩི་ཤིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སངས་བཀྲ།