གསར་འགོད་པས་ཚེས4ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་གྱི་གུང་གསེང་སྐབས་སུ། ཚེས4ཉིན་གྱི་དུས་ཚོད་དྲུག་བར་དུ། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་ཞིང་། གཞུང་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་བའི་སྙན་ཞུ་འབྱོར་མེད་ལ། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བའི་འགྲིམ་འགྲུལ་གོ་རིམ་ལྡན་པ་ཞིག་རེད།
ལོ་སར་དུས་སྐབས་སུ། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་བྱས་ཏེ། ལམ་ངོས་དོ་དམ་ཚོད་འཛིན་བྱ་བ་ཤུགས་དྲག་ཏུ་བཏང་ཞིང་། རྒྱ་ཆེའི་འགྲིམ་འགྲུལ་ཉེན་རྟོག་དང་ལས་རོགས་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་དོན་རྐྱེན་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། འགྲིམ་འགྲུལ་ཤར་གཏོང་འགན་ལེན་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་དུས་ཆེན་སྐྱིད་པོ་ཞིག་རོལ་བར་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
ལོ་སར་གྱི་གུང་གསེང་མཇུག་བསྒྲིལ་ལ་ཉེ་བས། ཚེས4ནས་ཚེས15ཉིན་གྱི་སྔ་རྗེས་སུ། ས་ཁུལ་སོ་སོའི་མྱུར་ལམ་གཞུང་ལམ་གྱི་འགྲིམ་འགྲུལ་འཁོར་རྒྱུགས་ཇེ་ཆེར་འགྱུར་ངེས་པས། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་རྒྱ་ཆེའི་ཁ་ལོ་བ་རྣམས་པ་དང་སྒེར་གཏོང་རླངས་འཁོར་གྱིས་གནམ་གཤིས་གནས་ཚུལ་དང་གཞུང་ལམ་ཤར་གཏོང་གི་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱེད་དགོས་པ་དང་། ལུགས་མཐུན་དང་འཆར་གཞི་ལྡན་པར་བགྲོད་ལམ་བཀོད་སྒྲིག་བྱེད་དགོས་པ། མྱུར་ཚད་ལས་བརྒལ་བ་དང་ངལ་དུབ་ཀྱིས་རླངས་འཁོར་སྐོར་མི་ཉན་པ་གསལ་བོར་བསྟན་ཞིང་། ཁང་ཆར་སྐབས་སུ་གཞུང་ལམ་བརླན་ཞིང་ཤུད་སླ་བས། རླངས་འཁོར་སྐོར་སྐབས་ཇེ་དལ་དུ་གཏོང་བ་དང་བར་ཐག་ཚོད་འཛིན་བྱེད་པ། རྗེས་ཀྱི་གློག་བཀར་བ་སོགས་ལ་མཉམ་འཇོག་བྱས་ནས་གློ་བུར་དུ་ཇེ་མགྱོགས་སུ་གཏོང་བ་དང་གློ་བུར་དུ་བསྒག་ཟྭ་གནོན་པ། གློ་བུར་དུ་ཁ་ལོ་བསྒྱུར་བ་སོགས་ལ་གཡོལ་ཐབས་བྱེད་དགོས་པ། གལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཡིན་ན། རླངས་འཁོར་ལམ་འགྲམ་དུ་འཇོག་པ་དང་། མི་ཕྱིར་འཐེན་བྱེད་པ། མྱུར་དུ་ཉེན་ཞུ་བྱེད་པ་ཡིད་ལ་བཟུང་ནས་ཡང་བསྐྱར་དོན་རྐྱེན་མི་འབྱུང་བར་གཡོལ་ཐབས་བྱེད་དགོས་པ་སོགས་གསལ་འདེབས་བྱས་ཡོད།