ལོ་སར་སྐབས་ཀྱི་ཁུལ་ཁོངས་གཙོ་བོའི་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་བཙོག་བཟོ་བཅོས་སྐྱོང་གི་གཙོ་གཞིའི་འགན་འཁྲི་གཏན་ཁེལ་བྱེད་པ། ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཟླ2པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཆེད་དུ་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ནས། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ། གྲོང་ཁྱེར་དང་གྲོང་རྡལ་ཁ་ཤས་ཀྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་བཟོ་ལས་གླིང་ཁུལ་གྱི་ཉེན་ཆེ་གད་སྙིགས་སྦས་སྐོང་བྱེད་ས། རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་གཏེར་སྙིགས་མཛོད་སོགས་ཁེ་ལས་གཙོ་བོར་ལྟ་ཞིབ་ཁྲིམས་བསྟར་ཞིབ་བཤེར་བྱས་པ་མ་ཟད། ཁོར་ཡུག་གི་ཉེན་ཁ་འགོག་ཟོན་དང་འཕྲལ་བསྟུན་ལས་རེས་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་བཏོན།
གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ། ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་ནས་དྲ་རིབ་ཕྲ་སྦོམ་དང་བཙོག་ཆུ་ཐག་གཅོད་རྫིང་བུ། དྲ་ཐོག་ལྟ་ཞིབ་སོགས་སྒྲིག་འཁོར་རྒྱུག་གནས་བབ་ལ་བལྟས་པ་དང་། ལོ་སར་སྐབས་ཀྱི་བཙོག་ཆུ་བསྡུ་གསོག་ཐག་གཅོད་དང་ཆུ་སྤུས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཁོར་ཡུག་དོ་དམ་དང་ལས་རེས་ལས་སྲུང་ལ་སྔར་ལས་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཆུ་སྤུས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གསལ་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་སྒྲིག་ཆས་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་པ། བཙོག་བཟོ་དངོས་པོ་བརྟན་འཇགས་ངང་ཚད་ལོངས་ཕྱིར་གཏོང་བྱེད་པར་ཁག་ཐེག་བྱས་ནས། ཁྲིམས་དང་འགལ་ནས་བཙོག་ཆུ་ཕྱིར་འདོན་དང་ཚད་བརྒལ་ཕྱིར་གཏོང་བྱེད་པ་དང་ཡང་ན་བཙོག་བཟོ་འགོག་བཅོས་སྒྲིག་ཆས་རྒྱུན་ལྡན་ངང་བཀོལ་སྤྱོད་མི་བྱེད་པ་སོགས་ཀྱི་ཁོར་ཡུག་ཁྲིམས་འགལ་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།
བཟོ་ལས་གླིང་ཁུལ་གྱི་ཉེན་ཆེ་གད་སྙིགས་སྦས་འགེབས་བྱེད་ས་རུ། ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་ནས་ཉེན་ཆེ་གད་སྙིགས་མཛོད་འཇུག་དང་སྦས་འགེབས་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ས་འོག་ཆུའི་ལྟ་ཞིབ་དང་སིམ་འཚག་གཤེར་གཟུགས་བསྡུ་རུབ་ཐག་གཅོད་བྱ་བར་རྒྱུས་ལོན་གསལ་བོ་བྱས་ལ། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཉིན་རྒྱུན་གྱི་བཀོད་གཏོང་དོ་དམ་དང་སྐོར་ཞིབ་ཞིབ་བཤེར་ལ་སྔར་ལས་ཤུགས་སྣོན་པ་དང་། ཉེན་ཆེ་གད་སྙིགས་ཉར་གསོག་དང་སྐྱེལ་འདྲེན་སྤོ་བསྒྱུར། ཐག་གཅོད་བྱེད་པའི་བར་སྐབས་ཀྱི་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བྱེད་པ། ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བདེ་འཇགས་དོན་རྐྱེན་འབྱུང་བར་འགོག་ཟོན་བཟང་བོ་བྱེད་དགོས་ཞེས་བསྟན།
རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་གཏེར་རོའི་མཛོད་དུ། ཞིབ་བཤེར་ཚན་ཆུང་གིས་གཙོ་བོར་མཛོད་ཁུལ་གྱི་ཆུ་ལོག་འགོག་པ་དང་གཟར་ངོས་འགོག་སྲུང་། ལྡོག་རྫིང་སིམ་འགོག་སོགས་ཉེན་ཁ་དོ་དམ་གནས་ཚུལ་ལ་ལྟ་ཞིབ་བྱས་ནས། ཉེན་ཁ་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཛོད་ཁུལ་གྱི་དྲ་ཐོག་ལྟ་རྟོག་མ་ལག་བཀོལ་སྤྱོད་བཟང་བོ་བྱེད་པ། དུས་ཐོག་ཏུ་ས་འོག་ཆུ་ཡི་ཆུ་སྤུས་ལ་ལྟ་ཞིབ་བྱེད་པ། འཕྲལ་བསྟུན་དངོས་ཟོག་ཉར་གསོག་བྱེད་པར་ཤུགས་བསྣན་ནས། ཁོར་ཡུག་གི་ཉེན་ཁར་ཁ་གཏད་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏང་དགོས་ཞེས་བསྟན།
ལོ་སར་སྐབས་སུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིན་རིམ་པའི་ལས་བྱེད་པས་མགོ་ཁྲིད་དེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་ཚན་ཁག་བགོ་བ་དང་ས་ཁུལ་བགོས་ནས་ལྟ་ཞིབ་ཁྲིམས་བསྟར་ཞིབ་བཤེར་སྤེལ་བ་མ་ཟད། དུས་ཐོག་ཏུ་ཁོངས་གཏོགས་ས་ཆའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་ལ་གནད་དོན་གྱི་ཁུངས་སྣེ་སྤྲོད་སྒྲུབ་བྱས་ནས། སྟོབས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་བྱས།