མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

2024ལོར་རང་རྒྱལ་གྱིས་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་གསུམ་བྱིན།

  2025-02-03 19:45:02 

གསར་འགོད་པས་ཉེ་ལམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཚེ་གང་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ས་གནས་སོ་སོས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། ལོ་ཧྲིལ་པོར་ངལ་རྩོལ་པ་མི་ཐེངས་ས་ཡ་གསུམ་དང་འབུམ་གཅིག་ལ་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་གསུམ་བྱིན།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་རིགས་ནུས་པ་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ཝང་ཞའོ་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 2024ལོར། ས་གནས་སོ་སོས“རིམ་པ་བརྒྱད་པའི་བཟོ་པ་གསར་པའི”ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་ཁྱབ་གདལ་དུ་བཏང་ནས། ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་བྱས་པས་ལོ་ཧྲིལ་པོར་ངལ་རྩོལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ཙམ་ལ་ལས་རིགས་རྩལ་ནུས་རིམ་པའི་དཔང་ཡིག་དང་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་ཡོད་ཟེར།

2024ལོའི་སྲིད་ཇུས་གཏན་འབེབས་གཞིར་བཟུང་ནས། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ལོ་གཅིག་ལ་སྤྲད་པ་དང་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་པའི་ལས་གནས་ལས་བཟོ་པ་དང་། ལས་ཤོར་ཉེན་ཚབ་གྲོན་དངུལ་ལེན་མཁན་བཅས་ཀྱིས་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་རེ་ཞུ་བྱས་ནས་གྲོས་འཆམ་བྱུང་རྗེས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆེས་མཐོ་བ་སྒོར1000དང་། 1500སྒོར2000བཅས་ཀྱི་ཚད་གཞི་ལྟར་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་སྟེར་བཞིན་ཡོད།

ཝང་ཞའོ་ཅུན་གྱིས་བཤད་རྒྱུར། 2025ལོར་ང་ཚོས་ཞིང་པ་ཞོར་ལས་པ་དང་སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། ཐོ་འགོད་བྱས་ཡོད་པའི་ལས་ཤོར་མི་སྣ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་ལ་དམིགས་ནས། བདེ་ཐང་གསོ་སྐྱོང་དང་སྔོན་ཐོན་བཟོ་སྐྲུན། དེང་རབས་ཞབས་ཕྱི། ལས་རིགས་གསར་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རྣམ་གྲངས་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་ལག་བསྟར་བྱས་ཏེ། རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།