ཉེ་ལམ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས། 2025ལོའི་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས་ཏེ། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་སྲོལ་རྒྱུན་དུས་ཆེན་དར་སྤེལ་གཏོང་བར་སྐུལ་འདེད་གཏིང་ཟབ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ལུགས་རྙིང་ལོ་སར་དང་། ལྒང་ཞུའི་དུས་ཆེན། དུར་མཆོད་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ལུགས་རྙིང་བདུན་པའི་ཚེས་བདུན་གྱི་དུས་ཆེན། ཟླ་མཆོད་དུས་ཆེན། དགུ་པའི་ཚེས་དགུ་སོགས་སྲོལ་རྒྱུན་དུས་ཆེན་ལ་དམིགས་ནས། “ང་ཚོའི་དུས་ཆེན”བརྗོད་དོན་གཙོ་བོ་ཡིན་པའི་བྱ་འགུལ་རྩ་འཛུགས་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། རིག་གནས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། དུས་ཆེན་གྱི་རྣམ་པ་བཟང་པོ་བསྐྲུན་པ་བཅས་བྱ་དགོས།
བརྡ་ཐོའི་ནང་དུས་ཆེན་སྐབས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། གཞི་རིམ་གྱི་དྲིལ་བསྒྲགས་རྩ་འཛུགས་བྱས་ཏེ། “ཏང་གི་གསུང་སྐད་ཁྱིམ་ཚང་ཁྲི་སྟོང་དུ་སླེབས་པའི”བྱ་འགུལ་གཏིང་ཟབ་ཏུ་བཏང་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དུས་ཆེན་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་འགྲེལ་བཤད་བྱེད་པ། ཞིབ་འཇུག་ཁྱབ་སྤེལ་ལ་ཤུགས་བསྣན་ཏེ་དུས་ཆེན་གྱི་གོམས་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་ཡོན་ལག་ལེན་གྱི་ཁྱད་ཆོས་འབུར་དུ་བཏོད་དེ། “ངས་དཔལ་ཡོན་ལག་ལེན་ལྟེ་གནས་སུ་དུས་ཆེན་རོལ་བའི”བྱ་འགུལ་རབ་དང་རིམ་པ་སྤེལ་ནས་གཞི་རིམ་དུ་སྲོལ་རྒྱུན་གྱི་དུས་ཆེན་དར་རྒྱས་ཡོང་བ་བྱ་དགོས། དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དུས་ཆེན་གྱི་རིག་གནས་ཟོང་རྟགས་བསྐྲུན་པ། བྱ་འགུལ་སྤེལ་ཐབས་ཀྱི་རྣམ་པ་གསར་གཏོད། “གཙོ་གནད་དཔེ་སྟོན་རབ་དང་རིམ་པ་ཁྱབ་གདལ་གཏོང་བའི”དུས་ཆེན་རོལ་སྟངས་ཇུས་འགོད་བྱས་ནས་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། རྒྱུན་མཐུད་སྒོས་སྲོལ་བརྗེ་ལུགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་ནས་དུས་ཆེན་དཔལ་ཡོན་ལྡན་པའི་སྤྱོད་ཚུལ་གསར་པ་གསོ་སྐྱོང་བྱ་དགོས། “ལུགས་རྙིང་ལོ་སར”འཛམ་གླིང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་དུས་ཆེན་ཕྱི་ལ་བསྐྱོད་རྒྱུ་རྩ་འཛུགས་བྱས་ནས་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།