ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཞི་རིམ་དུ་བསྐྱོད་དེ། མཚོ་སྔོན་དུ་སྡོད་པའི་ཉེན་རྟོག་དམག་དཔུང་གི་དཔོན་དམག་དང་ཏང་ཕྱིའི་མི་སྣ། ཆེད་མཁས་པ། ལས་ཡུལ་དང་པོའི་ལས་བཟོ་པ་དང་ཏང་ཡོན་རྒན་པ། འབྲེལ་གཏུག་ཁེ་ལས་ཀྱི་འཐུས་མི་བཅས་ལ་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་བ་མ་ཟད་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས།
མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་ག་གེ་མོ་དང་། ཟི་ལིང་མཉམ་འབྲེལ་ཞབས་ཕྱིའི་འགན་སྲུང་ལྟེ་གནས་ཀྱི་ཚོགས་པ་ག་གེ་མོ། དྲག་ཆས་ཉེན་རྟོག་པའི་ཟི་ལིང་ཡན་ལག་རུ་ཁག་གི་ལས་འགན་རུ་ཆེན་དང་པོའི་རུ་འབྲིང་གཉིས་པ་བཅས་སུ་ལའོ་ཏུང་ཁྲོན་གྱིས་དཔོན་དམག་རྣམས་དང་ཁ་བརྡ་བྱས་ནས། ཁོ་ཚོས་རྒྱལ་སྲུང་འཛུགས་སྐྲུན་དང་ས་གནས་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། ལའོ་ཏུང་ཁྲོན་གྱིས་ཚང་མས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ནུས་ཤུགས་སྦྱོང་བརྡར་བཅས་བྱས་ཏེ་སྔར་ལས་བློ་བརྟན་འགྱུར་མེད་ཀྱི་བསམ་པ་བཅངས་ཏེལས་འགན་ལེགས་པར་སྒྲུབ་ནས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་འབད་བརྩོན་བྱ་དགོས་པའི་སྐུལ་ལྕག་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་ཞབས་ཕྱིའི་འགན་སྲུང་ལེགས་པོ་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་འཛུགས་སྐྲུན་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
མཚོ་སྔོན་སློབ་ཆེན་དུ་སོང་ནས་ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་ཧྲི་ཡོན་ཁྲུན་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཞིབ་འཇུག་པ་ཝུའུ་ཀུའེ་ལིན་ལ་མེ་ཏོག་བྱིན་པ་དང་ལོ་སར་གྱི་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་རྒྱལ་ཁབ་དང་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། ཧུར་ཐག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་བཏང་སྟེ་ཆུ་ཚད་མཐོ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་མང་པོ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་སྐུལ་ལྕག་བཏང་། མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུའུ་རུ་ལའོ་ཏུང་ཁྲོན་གྱིས་སྤྱིའི་བཟོ་སྐྲུན་པ་དང་ལས་རིགས་ཀྱི་གཟི་བརྗིད་ཆེ་ཤོས་ཀྱི“ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ”ཐོབ་མཁན་ཕན་ཐུང་ལ་མེ་ཏོག་བྱིན་པ་དང་། ཁོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། ཁོས་ཚོགས་པའི་སྣེ་ཁྲིད་དེ་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་ཚན་རྩལ་གསར་གཏོད་རྒྱུན་འཁྱོངས་བྱས་ནས། གཏེར་འཚོལ་གྱི་ཐོལ་བརྒལ་ལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་སྔར་ལས་མང་པོ་བླངས་སྟེ་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་འགན་ལེན་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་སོང་ནས་ལའོ་ཏུང་ཁྲོན་གྱིས་ཏང་ཡོན་རྒན་པ་ལུའི་ཡིའུ་ཞིན་ལ་འཚམས་འདྲི་བྱས་པ་དང་། ཁོ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས། རྒན་པའི་བདེ་ཐང་གནས་ཚུལ་དང་ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་བྱས་ཏེ། ཁོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། སྣེ་ཁྲིད་ནས་མིག་དཔེ་ཡག་པོ་སྟོན་པ། ཁྱིམ་ཚང་གི་སྲོལ་རྒྱུན་བཟང་པོ་གསོ་སྐྱོང་བཅས་བྱས་ནས། གུང་ཁྲན་ཏང་ཡོན་རྒན་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་བཏོན།
ཧུའུ་ཀྲུའུ་རྫོང་འགྲུལ་སྐྱེལ་ས་ཚིགས་དང་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སིའི་ལས་བཟོ་པའི་ས་ཚིགས་སུ་ལའོ་ཏུང་ཁྲོན་གྱིས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་ཡུལ་དང་པོའི་ལས་བྱེད་པ་དང་ལས་བཟོ་པར་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། ཁོ་ཚོས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་ལས་གནས་ལ་གཞི་ཚུགས་ནས་རང་ནུས་ཅི་ཡོད་བཏོན་ཏེ་ལས་སྒོའི་ནུས་པ་དང་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཞབས་ཞུ་ཡག་པོར་བརྟེན་ནས་འགྲུལ་པ་བདེ་འཇགས་སྟབས་བདེ་དང་དྲོ་སྐྱིད་ལྡན་པའི་ངང་འགྲོ་སྐྱོད་བྱེད་པར་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱས།
མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིར་སོང་ནས། ལའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་འཐུས་མིར་འཚམས་འདྲི་བྱས་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་ཡོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ལྟེ་བའི་ཁྱབ་ཁོངས་ལ་དམིགས་པ། འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། བཅོས་སྒྱུར་གསར་གཏོད་བྱེད་ཕོད་པ། ཧུར་ཐག་གིས་ཁེ་ལས་སྟོབས་ཆེར་གཏོང་བ་དང་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཁྲོད་གྲུབ་འབྲས་གསར་པ་མངོན་པར་སྐུལ་མ་བཏང་།
ཝུའུ་ལ་ཙི་པེ་ཁི་རུ་སུའུ་ལིས་ཧན་དང་དབྱང་ཀྲི་ཝུན་འབྲེལ་ཡོད་བྱེད་སྒོར་ཞུགས།