མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་ལོ་སར་གྱི་སྐྱེལ་འདྲེན་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་གནང་།

  2025-01-29 21:14:06 

ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་ཕེབས་ནས་ལོ་གསར་གྱི་སྐྱེལ་འདྲེན་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་སར་གྱི་སྐྱེལ་འདྲེན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ། ལྟ་ཞིབ་ཚད་ལེན་བཀོད་གཏོང་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས། ལོ་སར་གྱི་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་དང་། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་ལས་ཆོད་ཆེ་བའི་སྒོ་ནས་ཁག་ཐེག་བྱ་དགོས།


ལིས་ཆང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཕྱོགས་བསྡུས་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས། ལས་སྲུང་མི་སྣར་ལྟ་སྐོར་བྱས་པ་མ་ཟད་ཁོ་ཚོ་དང་བསམ་ཚུལ་བརྗེ་རེས་བྱས། ལིས་ཆང་གིས་བརྙན་རིས་བརྒྱུད་དེ་ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་ཧྲི་ཅ་ཀྲོང་གི་ལམ་དུམ་དང་ལན་ཧོ་མྱུར་བགྲོད་གཞུང་ལམ་གྱི་ཞི་ཨན་ལམ་དུམ། ཧང་ཡུང་མྱུར་བགྲོད་གཞུང་ལམ་གྱི་ཡུས་ཡའོ་ཞབས་ཕྱིའི་ཁུལ། ལྕགས་ལམ་ཀོང་ཀྲོའུ་ལྷོ་ཕྱོགས་ས་ཚུགས་དང་ཧྲང་ཧའེ་ཧུང་ཆའོ་ས་ཚུགས། ཁྲིན་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་ཀྱི་དུས་ཐོག་པར་རིས་ལ་ལྟ་ཞིབ་བྱས་པ་དང་། ལོ་སར་གྱི་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་གནས་ཚུལ་སྙན་ཞུར་ཉན། ལིས་ཆང་གིས་ནན་གྱིས་བསྟན་དོན། ལོ་སར་གྱི་སྐྱེལ་འདྲེན་ནི་ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་འབྱུང་བར་བྱེད་པའི་བདེ་སྐྱིད་ཀྱི་འགྲུལ་བཞུད་ཅིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་ཁེ་ཕན་དང་འབྲེལ་བ་ཡོད། ད་ལོའི་ལོ་གསར་སྐྱེལ་འདྲེན་གྱི་འགྲོ་སྐྱོད་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཚད་མཐོ་ཤོས་བསྐྲུན་ཡོད་པ་དེ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་ཚོད་བགམ་ཞིག་རེད། འགྲུལ་སྐྱེལ་བདེ་བླག་དང་བརྟན་བརླིང་ཡོང་བའི་འགན་ལེན་དང་། འགྲུལ་སྐྱེལ་གྲུབ་ཚུལ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ། གནས་ཚུལ་དངོས་ལ་གཞིགས་ནས་མེ་འཁོར་ཐེངས་གྲངས་དང་། འགྲུལ་སྐྱེལ་ཐེངས་གྲངས་ཇེ་མང་དུ་གཏོང་བའམ་ཡང་ན་འཁོར་སྐྱོད་དུས་ཚོད་ཇེ་རིང་དུ་བཏང་སྟེ། འགྲུལ་པ་དུས་ཐོག་ཏུ་དམིགས་སར་འབྱོར་དུ་འཇུག་དགོས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ་གཙོ་གནད་ས་ཁོངས་དང་གཙོ་གནད་ལམ་ཐིག གཙོ་གནད་དུས་རིམ། དེ་མིན་མེ་འཁོར་ས་ཚུགས་དང་གནམ་གྲུ་ཐང་སོགས་མི་སྣ་འདུས་པའི་འགྲིམ་འགྲུལ་ལྟེ་གནས་ལ་ལས་རེས་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་ཞིབ་བཤེར་བཅས་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་དགོས། ཉེ་ལམ་རང་རྒྱལ་དུ་ཆར་དང་ཁ་བའི་གྲང་འཁྱག་གི་ནམ་ཟླ་རྒྱ་ཆེར་བྱུང་བས་འགྲིམ་འགྲུལ་དང་འགྲོ་སྐྱོད་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད། གནམ་གཤིས་འགྱུར་ལྡོག་ལ་རྗེས་འདེད་ཞིབ་དཔྱད་དང་བརྡར་གཅོད་དམ་ཟབ་བྱེད་པ་དང་། ཐབས་ལམ་མང་པོའི་ཐོག་ནས་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། འཕྲལ་སྒྲུབ་དངོས་ཟོག་དང་སྒྲིག་ཆས་གྲ་སྒྲིག་བྱེད་པ། འཕྲལ་སྒྲུབ་བྱེད་མགོ་བརྩམས་པ་དང་དང་ལེན་བྱེད་པ། ཐག་གཅོད་བཅས་ཀྱི་གྲ་སྒྲིག་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་བྱས་ཏེ། དུས་ཐོག་ཏུ་སོར་ལུས་འགྲུལ་པ་དང་རླངས་འཁོར་ཐོར་འགྲེམས་བྱས་ནས། གནམ་གཤིས་ངན་པས་མང་ཚོགས་འགྲོ་སྐྱོད་ལ་ཐེབས་པའི་ཤུགས་རྐྱེན་ཚད་ཆེས་ཆུང་དུ་གཏོང་དགོས། ཞབས་ཕྱིའི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཡུལ་སྐོར་བའི་ཟུར་ཚད་ནས་མགོ་བརྩམས་ཏེ་དམངས་ལ་སྟབས་བདེ་དང་དམངས་ཕན་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་སྟེ། ཡུལ་སྐོར་པའི་དཀའ་ངལ་དངོས་ཐག་གཅོད་བྱེད་པར་རོགས་རམ་བྱེད་པ་དང་། ཚང་མ་དགའ་སྤྲོའི་ངང་ཁྱིམ་དུ་ལོ་སར་དང་མཉམ་འཛོམས་བྱེད་དུ་འཇུག་དགོས།


ལིས་ཆང་གིས་བརྙན་རིས་བརྒྱུད་དེ་ཧྲང་ཧའེ་དབྱང་ཧྲན་གྲུ་ཁ་དང་ཆུང་ཀྲོའུ་མཚོ་འགག་ཞུས་ཝུན་གྲུ་ཁའི་ལས་སྒྲུབ་གནས་ཚུལ་དང་། ཧྲུན་ཧྥིན་ཝུའུ་ཧན་བགོ་འགྲེམས་ལྟེ་གནས་ཀྱི་མྱུར་ཟོག་དབྱེ་འབྱེད་གནས་ཚུལ་སོགས་དུས་ཐོག་གི་བརྙན་རིས་ལ་ལྟ་ཞིབ་བྱས་པ་དང་། ལོ་གསར་སྐབས་སུ་གྲུ་ཁའི་ཕྱི་ཕྱོགས་ཚོང་དོན་དང་མྱུར་སྐྱེལ་ཟོག་འགྲེམས་ཞབས་ཕྱིའི་འགན་སྲུང་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཁོང་གིས་སྟབས་བདེ་དང་ནུས་ཆེའི་གྲུ་ཁའི་ཟོག་འདྲེན་ནི་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ལེགས་ཆ་གལ་ཆེན་ཞིག་ཡིན། ལོ་སར་སྐབས་སུ་ཕྱི་ཕྱོགས་ཚོང་དོན་མཚམས་འཇོག་མི་རུང་པས། གྲུ་ཁའི་བསྡུ་སྡུད་སྐྱེལ་འདྲེན་བྱ་བ་ཡག་པོར་སྒྲུབ་ཏེ་ཕྱི་རྒྱལ་གྱི་མངགས་ཐོ་དུས་ཐོག་ཏུ་སྤྲོད་རྒྱུར་འགན་སྲུང་བྱ་དགོས། ཟོག་འགྲེམས་དྲ་རྒྱ་ཤར་གཏོང་བྱས་ཏེ་མྱུར་སྐྱེལ་ཁེ་ལས་ཀྱིས་མི་ཤུགས་དང་སྐྱེལ་འདྲེན་ནུས་པའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་བསྐུར་སྐྱེལ་ཞབས་ཞུའི་དགོས་མཁོ་སྐོང་དགོས། ལོ་སར་སྐྱེལ་འདྲེན་སྐབས་སུ་གློག་འདོན་དྲོད་འདོན་ཐད་སྤྱོད་པའི་རྡོ་སོལ་དང་། འབྲུ་རིགས། དུས་ཆེན་གྱི་འཚོ་བའི་མཁོ་ཆས་སོགས་གལ་ཆེའི་དངོས་ཟོག་འདོན་སྤྲོད་འགན་སྲུང་བྱེད་པའི་བྱ་བར་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ། གཙོ་གནད་སྐྱེལ་འདྲེན་བགྲོད་ལམ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཁུངས་དང་དངོས་ཟོག་སྐྱེལ་འདྲེན་བརྟན་བརླིང་དང་གོ་རིམ་ལྡན་པའི་ཁག་ཐེག་བྱ་དགོས།


ཧི་ལིས་ཧྥུན་དང་ཝུའུ་ཀྲིན་ལུང་གིས་ཕེབས་རོགས་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།