ཟླ1པོའི་ཚེས16ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིན་དུ། སི་རི་ལན་ཁའི་ཙུང་ཐུང་ཏིས་སཱ་ན་ཡ་ཁི་ལ་མཇལ་འཕྲད་གནང་།ཀྲའོ་ལི་ཅི་ཡིས་ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་མཛུབ་སྟོན་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་སི་རི་ལན་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གཙོ་གནད་དུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀའི་བར་གྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི། འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་རི་ལན་ཁའི་གྲོས་ཚོགས་དང་མཉམ་དུ། ཀྲུང་གོ་དང་སི་རི་ལན་ཁའི་མཛའ་མཐུན་མཉམ་ལས་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་བསྟོད་བསྔགས་བྱས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་རིམ་པ་སོ་སོའི་འགྲོ་འོང་མུ་མཐུད་ཇེ་དམ་དུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་དང་རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།
ཏིས་སཱ་ན་ཡ་ཁི་ཡིས་སི་རི་ལན་ཁ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། དཔལ་འབྱོར་དང་རིག་གནས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ་དང་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་བསྣན་ནས། སི་རི་ལན་ཁ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་བར་བྱེད་འདོད་ཡོད་ཅེས་བསྟན།ཝང་ཏུང་མེན་མཇལ་འཕྲད་ལ་ཞུགས།