ཟླ1པོའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཏིས་སཱ་ན་ཡ་ཁི་ལ་མཇལ་འཕྲད་གནང་།ལིས་ཆང་གིས་ཀྲུང་གོ་དང་སི་རི་ལན་ཁའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ68འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་བྱས་ནའང་། ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ལྷན་དུ་གྲོས་མོལ་གནང་ནས། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མཉམ་ལས་ཟབ་སྤེལ་གཏོང་བའི་ཐད་འཆར་འགོད་གསར་པ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་རྒྱུ་དང་། སྲོལ་རྒྱུན་མཛའ་མཐུན་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སི་རི་ལན་ཁའི་བར་གྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་སི་རི་ལན་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།
ཏིས་སཱ་ན་ཡ་ཁི་ཡིས་སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ཚན་རྩལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། རྒྱལ་སྤྱིའི་ཕྱོགས་མང་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་བསྣན་ནས། སི་རི་ལན་ཁ་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་བསྟན།ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།