ཟླ1པོའི་ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱིས་དམག་མི་བསྡུ་བའི་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཨུའི་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད།
ཚོགས་འདུའི་ཐོག་བསྟན་དོན། 2024ལོར། དམག་ཁུལ་གྱི་ཕྱོགས་སོ་སོའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་དོན་འཁྱོལ་གཏིང་ཟབ་དང་། དམག་མི་བསྡུ་བའི་བྱ་བ་དེ་གཟབ་ནན་རང་བཞིན་གྱི་ཆབ་སྲིད་འགན་འཁྲི་ཞིག་ཏུ་བརྩིས་ནས། ཧུར་བརྩོན་དང་རང་འགུལ་གྱི་བྱ་སྤྱོད་སྤེལ་བ་དང་། དམག་མིའི་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས་དམག་བསྡུ་བའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་བསྐྲུན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དམག་མི་བསྡུ་བའི་བྱ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོང་དང་། རྒྱལ་ཁབ་སྟོབས་ལྡན་གྱི་རླབས་ཆེན་བྱ་བཞག་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་བཟོ་སྐྲུན་ཡིན་ལ། བསྒྱུར་བཅོས་བྱས་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བར་ཞབས་འདེགས་ཞུ་བ་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་བསྐྲུན་པའི་གཞི་རྩའི་བཟོ་སྐྲུན་ཡིན། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་བདེ་འཇགས་བརྟན་བརླིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་བཅས་དང་འབྲེལ་བ་ཡོད། ས་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དམག་བསྡུའི་བཀའ་རྒྱ་ལ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གཙོ་གནད་འབུར་ཐོན་དང་དྲིལ་བསྒྲགས་དམ་འཛིན་བྱེད་པ་དང་། སྤུས་ཚད་དམ་འཛིན་ནན་པོ་དང་གཅིག་གྱུར་འཆར་འགོད་དམ་འཛིན་བྱས་ཏེ། སྤུས་གཙང་དང་སྤུས་ཚད་མཐོ་བའི་སྒོ་ནས་དམག་བསྡུ་བའི་ལས་འགན་ཡོངས་འགྲུབ་བྱ་དགོས། བསམ་བློ་ངེས་འཛིན་གཏིང་ཟབ་དུ་གཏོང་བ་དང་། གོ་གནས་སྔར་ལས་མཐོ་བའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། བྱ་ཐབས་དངོས་ཀྱི་ཐོག་ནས་དམག་མའི་སྤུས་ཚད་མཐོར་འདེགས་དང་། ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་བྱ་བའི་ཕན་འབྲས་འགན་ལེན་བྱ་དགོས།
ཞིང་ཆེན་གྱི་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོ་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོའི་དམག་དཔུང་བཅའ་སྡོད་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།