ཟླ1པོའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། འཇར་པན་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུའུ་དང་ཀུང་མེན་ཏང་གི་ལས་འཛིན་དཔོན་ཞི་ཐུན་ཧྲི་རིན་གྱིས་སྣེ་ཁྲིད་པའི། འཇར་པན་སྲིད་སྐྱོང་ཏང་གི་འཐུབ་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིས་ཆང་གིས་མིག་སྔར། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ན་ནིང་གི་ཟླ11པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུ་ནས་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་དང་མཇལ་འཕྲད་གནང་ནས། མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་བརྟན་བརླིང་ཅན་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་སྣེ་སྟོན་བྱ་རྒྱུའི་ཐད་མོས་མཐུན་གཅིག་གྱུར་བྱུང་ཡོད། ད་ཐེངས་ཀྲུང་གོ་དང་འཇར་པན་གྱིས་ལོ་བདུན་ཉེ་བའི་རྗེས་སུ། སྲིད་སྐྱོང་ཏང་གི་བརྗེ་རེས་ལམ་སྲོལ་བསྐྱར་དུ་སྤེལ་མགོ་བརྩམས་པ་འདི་ནི། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་འཇར་པན་ནི་གཅིག་ལ་གཅིག་རྟེན་གྱི་ཁྱིམ་མཚེས་བཟང་པོ་ཡིན་པས། ཅིས་ཀྱང་ཁྱིམ་མཚེས་ཡག་པོ་བྱེད་དགོས། ཀྲུང་གོ་དང་འཇར་པན་གྱིས་མུ་མཐུད་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས་བསྟན་པའི་ཁ་ཕྱོགས་དེད་དེ་ཕན་ཚུན་ཡིད་ཆེས་བརྟན་གཏོང་དང་མཉམ་ལས་ཟབ་གཏོང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་གང་མང་སྟེར་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་དེང་སྐབས་ཀྱི་གོ་ལ་ཧྲིལ་བོ་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་ཧ་ཅང་ཆེ་བའི་དུས་སྐབས་གསར་པར་སླེབས་ཡོད་ཅིང་། ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་འཕྲད་པའི་ངེས་གཏན་མིན་པ་དང་བརྟན་བརླིང་མིན་པའི་རྒྱུ་རྐྱེན་མངོན་སུམ་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་འཇར་པན་སྲིད་སྐྱོང་ཏང་གིས་ཁག་ཁུར་གྱི་བསམ་པ་མངོན་གསལ་ཅན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ཕུགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ནས་མགོ་བརྩམས་ཏེ། རྒྱལ་དམངས་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་ནས། ཡང་དག་ཅིང་ནུས་ལྡན་གྱི་བསམ་སྦྱོར་སྤེལ་དགོས། ནུས་ཤུགས་སྔར་ལས་གང་མང་མཉམ་སྐུལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་འཚོལ་ཞིབ་བྱེད་སྟེང་བཀོལ་རྒྱུ་དང་། རྒྱལ་ཁབ་གཉིས་ཀས་དཔལ་འབྱོར་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་གེགས་མེད་ཡོང་བར་སྲུང་སྐྱོབ་བྱས་ཏེ། ཚན་རྩལ་གསར་གཏོད་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཕྱོགས་གསུམ་པའི་ཁྲོམ་ར་གསར་འབྱེད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་དོན་གཉེར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་མཛའ་མཐུན་འབྲེལ་ཇེ་དམ་དུ་གཏོང་རྒྱུ་དང་། ཕན་ཚུན་བསམ་ཤེས་དང་ཡང་དག་པའི་ངོས་འཛིན་ལ་སྐུལ་འདེད་གཏོང་བར་ཕན་པའི་བྱ་བ་གང་མང་བསྒྲུབ་པ། མི་གཞུང་རིག་གནས་དང་ས་གནས། ན་གཞོན་ལོ་ཆུང་བཅས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས།
འཇར་པན་ཕྱོགས་ཀྱིས་ལོ་གསར་པའི་ནང་དུ། འཇར་པན་དང་ཀྲུང་གོ་ཕྱོགས་གཉིས་ཀས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཁྲོད་ཕན་ཚུན་བརྗེ་རེས་རྒྱ་ཁྱབ་ངང་སྤེལ་བར་རེ་ལྟོས་བྱེད་ཀྱིན་ཡོད། ན་གཞོན་མི་རབས་ནི་འཇར་པན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཡིན་པས། ཕན་ཚུན་འགྲོ་འོང་ལ་ཤུགས་སྣོན་པ་དང་ཕན་ཚུན་རྒྱུས་ལོན་བྱེད་ཚད་ཇེ་ཆེར་གཏོང་དགོས། གཅིག་མཐུན་བརྩོན་ལེན་དང་མི་མཐུན་པའི་ཆ་སོར་འཇོག་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་རྒྱལ་དམངས་ལ་འཇར་པན་དང་ཀྲུང་གོའི་འབྲེལ་བའི་གྲུབ་འབྲས་སྔར་ལས་གང་མང་ཚོར་དུ་འཇུག་དགོས་ཟེར།