ཟླ1པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་ལོ་མཇུག་ལོ་འགོ་དང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཁ་པར་བཏང་བར་ང་ཧ་ཅང་དགའ་ཚོར་སྐྱེས། ན་ནིང་གི་ཟླ8པར་ཁྱོད་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ང་ཚོས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ལོ་ཕྱེད་འཁོར་བའི་རིང་ལ། ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོ་དང་ས་གནས་སོ་སོས་དོན་འཁྱོལ་གང་ལེགས་བྱས་ནས། ང་ཚོས་གྲོས་ཐག་བཅད་པའི་མཉམ་ལས་ལས་རིམ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཡོངས་འགྲུབ་བྱེད་པའི་ལོ་ཡིན་པ་དང་། ཡོ་ནན་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་བཞི་པར་གྲ་སྒྲིག་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀར་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀས་མུ་མཐུད་དུ་ཏང་དར་རྒྱས་དང་ཏང་སྟོབས་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་བཏང་སྟེ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་རིམ་འགྲོ་འོང་གི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགྲོ་འོང་དམ་ཟབ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲེལ་གཏུག་འབྲེལ་མཐུད་ལ་སྐུལ་འདེད་གང་མགྱོགས་གཏོང་བ། སྤུས་གསར་ཐོན་སྐྱེད་མཉམ་ལས་ཀྱི་མདུན་གྲལ་སྟེགས་བུ་མཉམ་སྐྲུན་དང་། བརྟན་ཞིང་གེགས་མེད་ཀྱི་རྒྱལ་མཚམས་ལས་བརྒལ་བའི་ཐོན་ལས་དང་མཁོ་སྤྲོད་འབྲེལ་ཐག་བསྐྲུན་དགོས། དམངས་སེམས་དང་འབྲེལ་བ་ཡོད་ཅིང་དྲོད་ཁོལ་དྲན་ལ། ས་བབ་དང་མཐུན་པའི་མི་གཞུང་རིག་གནས་བརྗེ་རེས་བྱེད་པ། གསར་འགྱུར་དང་རིག་གནས་ཡུལ་སྐོར། ས་གནས། གཞོན་ནུ་བཅས་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་ལ་ཤུགས་བསྣན་ཏེ། དམངས་སེམས་ཀྱི་བཟོ་སྐྲུན་སྔར་ལས་གང་མང་བསྐྲུན་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་ནན་བཤད་གནང་།
ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཚུན་ལ། ཡོ་ནན་གུང་ཁྲན་ཏང་གིས་ཡོ་ནན་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱོགས་མང་པོའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་དེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་བླངས་ཡོད། བློ་མཐུན་སུའུ་ལིན་གྱིས་གཙོས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏུ། ཡོ་ནན་གྱི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་ཚོགས་ཆེན་བཅུ་བཞི་པ་བསུ་བ་དང་ཚོགས་ཆེན་བཅུ་བཞི་པ་ཡག་པོ་འཚོགས་རྒྱུར་དམ་པོར་དམིགས་ནས། ཡོ་ནན་གྱི“བརྒྱ་ལོ་གཉིས་ཀྱི”འབད་འཐབ་དམིགས་འབེན་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།
སུའུ་ལིན་གྱིས་ཡོ་ནན་གྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་གཏོང་རྒྱུ་དེ་མུ་མཐུད་ཕྱི་ཕྱོགས་སྲིད་ཇུས་ཀྱི་གཙོ་གནད་དུ་བརྩིས་ནས། ཀྲུང་གོ་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱུ་དང་། སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མཉམ་དུ་ཡག་པོ་གཉེར་བ། མི་མཐུན་པའི་ཆ་དོ་དམ་དང་ཐག་གཅོད་འོས་འཚམ་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལས་དོན་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་རྒྱུ་ཡིན་ཞེས་བསྟན།
ཞི་ཅིན་ཕིང་དང་སུའུ་ལིན་གྱིས་མཉམ་དུ། ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་རིག་གནས་བརྗེ་རེས་ལོ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པར་མ་ཟད། ད་དུང་ཕན་ཚུན་ལ་ལོ་གསར་གྱི་སྨོན་འདུན་ཕུལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཀྲ་ཤིས་བདེ་ཐང་ཡོང་བའི་སྨོན་འདུན་ཡང་ཞུས།