མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ལ་ཁ་པར་བཏང་།

  2025-01-15 18:22:21 

ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་ཁི་སི་ཐཱ་ཡིས་ཡང་བསྐྱར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་དང་། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་སྔ་འཛིན་ཕྱི་གཏོད་ཀྱི་གནད་འགག་གི་ལོ་གལ་ཆེན་ཞིག་ཡིན་ཞེས་བསྟན། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པའི་བརྒྱུད་རིམ་ལས་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ལྷག་བསམ་ཟོལ་མེད་ཀྱིས་བསམ་བློ་བརྗེ་རེས་བྱས་ཚེ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དོན་ཆེན་སྒྲུབ་ཐུབ་པ་གསལ་བཤད་བྱས་ཡོད། བློ་སེམས་གཅིག་མཐུན་ནི་གྲོགས་པོ་ཡིན་ལ། གཅིག་མཐུན་བརྩོན་ལེན་དང་མི་མཐུན་པ་སོར་འཇོག་བྱེད་པ་ཡང་གྲོགས་པོ་ཡིན། གནད་འགག་ནི་རང་སོ་སོའི་མི་དམངས་ཀྱིས་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ནས། ཡོ་རོབ་གཞི་གཅིག་ཅན་དང་ཡོ་རོབ་མནའ་འབྲེལ་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་མཉམ་དུ་སྲུང་སྐྱོབ་ཡག་པོ་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ་དང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་བསྐྲུན་པ་དང་། གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་རྩ་བའི་ཁེ་ཕན་གྱི་འགལ་བ་མེད་ལ། ས་བབ་ཀྱི་ཆབ་སྲིད་འགལ་བ་ཡང་མེད་པས། ཕན་ཚུན་ལ་གཞོགས་འདེགས་བྱས་ནས་གྲུབ་འབྲས་ཐོབ་པའི་གྲོགས་པོ་ཡིན། ལོ་ངོ50རིང་ལ། ཀྲུང་གོ་དང་ཡོ་རོབ་འབྲེལ་བས་རང་སོ་སོའི་འཕེལ་རྒྱས་ལ་རོགས་རམ་བྱས་པ་མ་ཟད། འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། རྒྱལ་སྤྱིའི་གནས་བབ་ཇི་འདྲའི་ཛ་དྲག་དང་རྙོག་འཛིང་ཆེ་བ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ཀྱིས་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བཅས་བྱ་དགོས། ཡོ་རོབ་མནའ་འབྲེལ་ཡང་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་མཉམ་ལས་གྲོགས་པོར་འགྱུར་བར་ཀྲུང་གོས་ཡོ་རོབ་མནའ་འབྲེལ་ལ་ཡིད་ཆེས་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཡོ་རོབ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཐད་ཕྱོགས་གཉིས་ཀ་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱེད་མཁན་ཡིན་པས། དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་སྟོབས་ལྡན་ཞིག་ཆགས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ན། ཀྲུང་གོ་དང་ཡོ་རོབ་མཉམ་ལས་ལ་གོ་སྐབས་གསར་པ་ཐོན་ངེས་རེད། ཀྲུང་གོ་དང་ཡོ་རོབ་བར་ཕན་ཚུན་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་སྲ་བརྟན་དུ་བཏང་ནས་མཉམ་ལས་ཀྱི་འཕར་ཚད་གསར་པ་གཏོད་དགོས། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་སྒྲུབ་པ་དང་། མི་གཞུང་རིག་གནས་བརྗེ་རེས་དང་མི་སྣ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཡོ་རོབ་དམངས་ཚོགས་ཕྱོགས་གཉིས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ། ས་གནས་ཀྱི་འགྲོ་འོང་དང་སློབ་གསོའི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་གཏིང་ཟབ་ཏུ་གཏོང་དགོས།
ཁི་སི་ཐཱ་ཡིས་བསྟན་དོན། 2025ལོ་ནི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་ལོ་གལ་ཆེན་ཞིག་ཡིན། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་བསྣན་ནས་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་མ་འོངས་པ་བསྐྲུན་འདོད་ཡོད།  ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་བརྗེ་རེས་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཉོ་འཚོང་གི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་ལ་བརྩི་འཇོག་དང་།    ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། རང་མོས་ཉོ་ཚོང་སྲུང་སྐྱོང་བྱེད་པ། དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བཅས་བྱེད་ཀྱིན་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་དགོས་པ་ལས་འགྲན་རྩོད་བྱེད་མི་རུང་། དེང་སྐབས་ཀྱི་དུས་རབས་ལ་འགྲན་སློང་གིས་ཁེངས་ཡོད་པས། འཛམ་གླིང་ལ་ཡོ་རོབ་དང་ཀྲུང་གོས་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས། ཧུར་ཐག་གིས་འཛམ་གླིང་ཞི་བདེ་བརྟན་བརླིང་འཕེལ་རྒྱས་ཡོང་བར་མཉམ་དུ་བྱས་རྗེས་འཇོག་དགོས།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་སོགས་ཀྱི་གནད་དོན་ཐད་ལྟ་ཚུལ་བརྗེ་རེས་བྱས་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེའི་ཁ་བརྡ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་རྩ་དོན་ལངས་ཕྱོགས་རྒྱས་བཤད་གནང་།

རྩོམ་སྒྲིག་པ། སངས་བཀྲ།