བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་ལ་ཐུགས་ཁུར་བྱེད་པ་མཚོན་ཆེད། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་སྒོར་བྱེ་བ་ལྔ་བཏང་ནས་བོད་ལྗོངས་ཀྱི་ཡོམ་འགོག་གནོད་སེལ་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གནོད་ཐེབས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱེད་པ་དང་། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མི་སྣར་སྐྱོབ་བཅོས་བྱས་ནས་མི་སྣའི་ཤི་རྨས་ཇེ་ཉུང་དུ་གཏོང་བ་དང་གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ལེགས་པོ་བྱེད་པ། འདས་པོའི་ཁྱིམ་མིར་སེམས་གསོ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་ནས་བདེ་འཇགས་དང་དྲོད་སྐྱིད་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ནན་གྱིས་བསྟན་དོན། ཏང་དངུལ་དེ་དུས་ཐོག་ཏུ་གནོད་ཁུལ་གྱི་གཞི་རིམ་ལ་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱ་དགོས་ལ། གཙོ་བོ་ཡོམ་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེན་ཐེབས་པའི་དབང་གིས་འཚོ་བ་དཀའ་ངལ་ལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེའི་དབང་གིས་གྱོང་གུད་ཐེབས་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པར་ཁ་གསབ་སྤྲོད་པ་སོགས་ཀྱི་ཐད་བཀོལ་དགོས་ཟེར།