ཟླ1ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས6ཉིན་པེ་ཅིང་དུ་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུ་ལ་ཕེབས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཅིག་པར་ཞུགས་པར་མ་ཟད་ཕེ་རུ་ལ་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཕེ་རུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཕེ་རུའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕེ་རུའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།
ས་ལུའུ་ཨན་ན་ཡིས་བསྟན་དོན། ཕེ་རུ་དང་ཀྲུང་གོ་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཡིན། ཕེ་རུ་ཡིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་དང་། དངུལ་གཏོང་། ནུས་ཁུངས། མི་གཞུང་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཆན་ཁའེ་གྲུ་ཁའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕེ་རུའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་དུ་བརྗེ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་བར་གྱི་རྒྱུས་ལོན་དང་མཛའ་མཐུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཀྲོའུ་ཆང་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།