ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཚད་རིམ6.8ཀྱི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་།
པེ་ཅིན་གྱི་དུས་ཚོད་ཟླ1ོཔའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ6.8ཀྱི་ས་ཡོམ་བྱུང་ནས་མི་ལ་ཤི་རྨས་ཚབས་ཆེན་བྱུང་བ་དང་ཁང་པ་མང་པོ་བརྡིབས།
ས་ཡོམ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ6.8ཀྱི་ས་ཡོམ་བྱུང་སྟེ། མི་ལ་ཤི་རྨས་ཚབས་ཆེན་བཟོས། ནུས་ཤུགས་ཡོད་རྒུས་མི་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མིར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཏེ། མི་ལ་ཤི་རྨས་འབྱུང་བ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། ཞོར་ཐོན་གནོད་འཚེ་མི་ཡོང་བའི་སྔོན་འགོག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་འོས་འཚམ་གྱིས་བདེ་འགོད་བྱས་ཏེ་རྗེས་ཕྱོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས། ཉེན་ཁ་མྱུར་སེལ་དང་རོགས་སྐྱོབ་དངོས་རྫས་དུས་ཐོག་ཏུ་མཁོ་འདོན་དང་། རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་སྒོས་ཞིག་གསོ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ། བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་ཁག་ཐེག་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། གནོད་འཚེའི་གནས་ཚུལ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་མྱུར་སེལ་རོགས་སྐྱོབ་རྩ་འཛུགས་བྱེད་དགོས་པར་མ་ཟད། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞོར་སྐྱོན་སྣ་ཚོགས་འབྱུང་བར་སྔོན་འགོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས། ས་ཡོམ་གྱི་གནོད་འཚེ་ཐེབས་ཡུལ་ནི་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་ཡིན་པས། དགུན་གྱི་དུས་འདིར། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དྲོད་སྐྱིད་ལྡན་པའི་ངང་ནས་དགུན་བརྒལ་བར་འགན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ་ཡུལ་དངོས་སུ་རོགས་སྐྱོབ་བྱ་བར་མཛུབ་སྟོན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་རིམ་པ་གསུམ་པའི་འཕྲལ་བསྟུན་བྱེད་ཐབས་སྤྱོད་མགོ་བརྩམས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སྐྱོབ་བྱ་བ་སྤེལ་ཞིང་། གནོད་ཐེབས་མང་ཚོགས་འོས་འཚམ་སྒོས་བདེ་འགོད་བྱས། ཡོམ་འགོག་གནོད་སྐྱོབ་བྱ་བ་སོ་སོ་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་པའི་སྒང་རེད།