རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཉེ་སྔོན་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གྲོས་གཞི་པར་འགྲེམ་བྱས་པ་དང་། དེའི་དམིགས་འབེན་ནི་ཏང་ཀྲུང་དབྱང་གི་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་སྔར་ལས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། གང་འདོད་དུ་ཞིབ་བཤེར་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཡིན།
གྲོས་གཞིའི་ནང་། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་བཅའ་ཁྲིམས་ཁྲིམས་སྲོལ་དབང་སྤྲོད་རྩ་འཛུགས། མངག་བཅོལ་ཐོབ་པའི་རྩ་འཛུགས་བཅས་ལས་གཞན་པའི་རྩ་འཛུགས་གང་རུང་དང་མི་སྒེར་གང་ཡིན་རུང་སྲིད་འཛིན་ཞིབ་བཤེར་བྱེད་མི་རུང་བ་དང་། འབྲེལ་ཡོད་གཙོ་འགན་སྡེ་ཁག་གིས་རང་ཁྱབ་ཁོངས་ཀྱི་ད་ཡོད་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་བྱ་བར་དབྱེ་ཞིབ་བྱེད་དགོས་པར་མ་ཟད་འགུལ་རྣམ་དོ་དམ་བྱེད་དགོས། སྲིད་འཛིན་ཞིབ་བཤེར་བྱ་བ་ལས་ཁྱབ་བསྒྲགས་མ་བྱས་པ་དག་ལག་བསྟར་བྱེད་མི་རུང་ལ། སྲིད་འཛིན་ཞིབ་བཤེར་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ་དང་། ཁེ་སྤོགས་ལ་དམིགས་ནས་ཞིབ་བཤེར་བྱེད་པ་དང་རང་དགར་དུ་ཞིབ་བཤེར་བྱེད་པར་བཀག་འགོག་བྱེད་པ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཐད་ནས་ནན་འགོག་ལྔ་དང་བྱེད་མི་རུང་བ་བརྒྱད་ལག་བསྟར་བྱེད་དགོས། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་གྱིས་མངའ་ཁོངས་བདག་སྐྱོང་རྩ་དོན་དུ་བྱེད་པ་དང་། ཆེད་དོན་ཞིབ་བཤེར་ཐད་ནས་ལོ་ཧྲིལ་བོའི་གྲངས་ཀ་ཚོད་འཛིན་ལག་བསྟར་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།
གྲོས་གཞིའི་ནང་། རིམ་པ་སོ་སོའི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་ཁུངས་ཀྱིས་གང་འདོད་དུ་ཞིབ་བཤེར་བྱེད་པར་རྩད་གཅོད་ནན་མོ་བྱེད་པ་མ་ཟད། དུས་ཐོག་ཏུ་ཡོ་བསྲང་བྱེད་རྒྱུའི་རེ་བ་འདོན་དགོས་པ་དང་། ཁྲིམས་འཛིན་ཁྲིམས་བསྟར་བྱེད་པའི་འགན་ཁུར་མི་སྣ་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་མི་སྣར་ཡོངས་བསྒྲགས་གླེང་མོལ་བྱེད་དགོས་ལ། ཁེ་ལས་ཀྱིས་ཡར་ཞུ་བྱེད་ཚད་མང་བ་དང་སྤྱི་ཚོགས་ཀྱི་གནོད་པ་ཅུང་ཆེ་བར། ཐད་ཀར་ལྟ་སྒྲུབ་བྱེད་པར་མ་ཟད་ཡོངས་བསྒྲགས་ཐེར་འདོན་བྱེད་དགོས་པའི་རེ་བ་བཏོན།