ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་སྲིད་འཛིན་བྱས་ནས་མཚོ་སྔོན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།
གསར་འགོད་པས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་ཞེས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་བསྟུད་མར་ལོ་ངོ་བཅུ་དྲུག་རིང་སྲིད་འཛིན་ཞིབ་གཅོད་ཀྱི་རྒྱབ་ཤོག་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས་པར་མ་ཟད། 2023ལོར་ཞིང་ཆེན་སྲིད་གཞུང་ལ་བཏོན་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བའི་གྲོས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁྲིམས་མཐུན་སྲིད་འཛིན་གྱི་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་ཤུགས་བཏོན་པ་དང་། ཁྲིམས་སྐྱོང་བགྲོད་ལམ་སྟེང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
ཁྲིམས་མཐུན་སྲིད་འཛིན་ནི་ཁྲིམས་མཐུན་རྒྱལ་སྐྱོང་གི་ནང་དོན་གཙོ་བོ་དང་རྩ་བའི་འགན་ལེན་ཡིན། 2024ལོའི་ཟླ11པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་མི་དམངས་སྲིད་གཞུང་གིས་ཁྱོན་བསྡོམས་རིགས་མི་འདྲ་བའི་སྲིད་འཛིན་གྱོད་དོན1901དང་ལེན་བྱས་པ་དང་། དེའི་ཁྲོད་གཞུང་བསྡུ་བཤིག་སྤོ་རིགས་ཀྱི་ཟིན་ཚད་ཅུང་ཆེ། ཞིབ་གཅོད་བྱ་བ་བརྒྱུད་དེ་སྲིད་གཞུང་གི་ཁྲིམས་མཐུན་སྲིད་འཛིན་ལ་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་རིགས་མི་འདྲ་བའི་ཞིབ་གཅོད་རིམ་པ་དང་པོའི་སྲིད་འཛིན་གྱོད་དོན597དང་། རྒྱལ་ཁབ་ཀྱི་སྐྱིན་ཚབ་གྱོད་དོན93ཞིབ་གཅོད་མཇུག་སྒྲིལ་ཏེ། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཁྲིམས་སར་ངོ་བཅར་ནས་ཞུ་ལན་འདེབས་ཚད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་གཅིག་ལྔར་སླེབས། ཁྲིམས་འཛིན་གྲོས་གཞི་སོགས་ཀྱི་རྣམ་པས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བསྟར་གྱི་མི་འདང་ས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཞན་སར་ཁ་གསབ་བྱེད་པར་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་རིགས་མི་འདྲ་བའི་ཁྲིམས་འཛིན་གྲོས་གཞི233བཟོས་ཏེ་འགྲེམ་སྤེལ་བྱས།