མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

​ཁྲེན་ཀང་གིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱས་པ།

  2024-12-27 11:58:48 

ཟླ12པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཕྱོགས་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་འབབ་འཕར་ཕྱུག་འགྱུར་གྱི་འཁོར་སྐྱོད་རྣམ་པ་ལེགས་ཤོས་ལ་སྐུལ་འདེད་བཏང་སྟེ། མགོ་ལོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

དགུན་གཞུང་གི་གངས་རི་ཨ་མྱེས་རྨ་ཆེན་བརྗིད་ཆགས་ཤིང་གྲང་ངར་ཆེ་བའི་ལྷགས་པས་བསྡམས། ཁྲེན་ཀང་མཚོ་འཕངས་སྨི4215ཡི་རི་རྒྱུད་འགོས་ནས་ཡུལ་དངོས་སུ་སྐྱེ་ཁམས་སྲུང་སྐྱོང་དང་མཚོ་བོད་རྟོག་ཞིབ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཉེ་བའི་ལོ་ངོ་ཉི་ཤུའི་རིང་ལ་མདོ་དབུས་མཐོ་སྒང་གི་རྩྭ་སའི་ཐོན་ཚད་ཇེ་མང་དང་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་རྒྱུན་མཐུད་སྒོས་སླར་གསོ་བྱུང་བ་རྟོགས་རྗེས། ཁྲེན་ཀང་གིས་འབྲེལ་ཡོད་བྱ་བར་ཁས་ལེན་བྱས་ཤིང་། རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། ཁྱིམ་ཕྱུགས་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་དགོས་པ་ནན་གྱིས་བསྟན།

འཇིགས་མེད་ཁྱིམ་གཞིས་ནི་ཁུལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་གནས་སྤོར་བདེ་འགོད་གནས་ཡིན་ལ། སྐྱེ་ཁམས་སྤོར་དམངས་དང་། ས་གནས་གཞན་ནས་གནས་སྤར་བ། གནོད་རྗེས་བསྐྱར་འཛུགས་རྗེས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་མི་སྟོང་བཞི་ལྷག་བཅའ་སྡོད་བྱས་ཡོད། ཁྲེན་ཀང་སྔ་ཕྱིར་སྡེ་ཁུལ་གྱི་ཏང་དམངས་ཞབས་ཕྱིའི་ལྟེ་གནས་དང་། སྣམ་བུ་ལག་བཟོ་བསླས་འཐག་བཟོ་གྲྭ། དམངས་ཕན་སྐར་གསོག་སྒོ་རྩིས་ཚོང་ཁང་བཅས་ལ་སོང་སྟེ། གཞི་རིམ་ཏང་འཛུགས་དང་སྡེ་ཁུལ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། ལས་ཞུགས་འབབ་འཕར་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། བདེ་འགོད་ཁྱིམ་ཚང་དཔལ་ཆེན་ཉི་མ་ཚང་ལ་སོང་ནས་ཁང་བའི་བཀོད་སྒྲིག་དང་ཁྱིམ་སྤྱོད་གློག་ཆས་ལ་ཞིབ་ལྟ་བྱས་པར་མ་ཟད། ཁྱིམ་མི་གསུམ་པོ་དང་མཉམ་དུ་ཁ་བརྡ་བྱས། དཔལ་ཆེན་ཉི་མས་བཤད་རྒྱུར། ད་བར་ང་སྐྱེ་ཁམས་ལྟ་སྲུང་པ་བྱས་ཡོད་ཅིང་། ཆུང་མར་བརྟན་འཇགས་ཀྱི་བྱ་བ་ཡོད་ལ། བྱིས་པ་གསུམ་པོ་རྫོང་མཁར་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། སྔོན་ཆད་འདི་འདྲའི་འཚོ་བ་བློ་ལའང་ཤར་མ་མྱོང་ཟེར། བཤད་ཀྱིན་བཤད་ཀྱིན་ཁོས་པི་ཝང་བཟུང་ནས་ཚང་མར་རང་སྦྱོང་བྱས་པའི་གླུ་དབྱངས་ཤིག་བླངས། ཁྲེན་ཀང་གིས་དགའ་བསུ་བྱེད་ཞོར་བསྟོད་བསྔགས་བྱས་པ་དང་། ཁྱིམ་མི་ཚོས་སྔར་ལས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བར་སྐུལ་ལྕག་གནང་།

བཞུགས་མོལ་ཚོགས་འདུའི་སྟེང། ཁྲེན་ཀང་གིས་མགོ་ལོག་ཁུལ་གྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས། བློ་རྩ་བརྟན་པོས་སྐྱེ་ཁམས་སྲུང་སྐྱོང་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ནས། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི་མགྱོགས་མྱུར་ངང་བཟོ་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་དཔང་ཡིག་གསུམ་གྱི་དོ་དམ་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། སྒོ་འབྱེད་ཀྱི་བརྒྱུད་ལམ་ཆེན་མོ་མགྱོགས་མྱུར་སྒོས་བསྐྲུན་པ། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དྲ་རྒྱ་དང་ལྗོངས་ཁུལ་འཛུགས་ས། དོ་དམ་ལམ་ལུགས་སོགས་འཕེལ་རྒྱས་ཀྱི་ཞན་ས་ཁ་གསབ་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་བརྟེན་ནས་ལས་ཞུགས་དམངས་ཚིས་དང་མི་རིགས་མཐུན་སྒྲིལ་གཉིས་མཐོར་འདེགས་གཏོང་བར་རམ་འདེགས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སྔར་ལས་ཟབ་སྤེལ་བྱེད་པ་དང་། སློབ་གསོ་ལྟ་བུའི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་བྱ་བ་དམ་འཛིན་བྱེད་པ། ཁྲིམས་མཐུན་ཁྲིམས་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས། དགོན་པར་སྡོད་པའི་ལས་བྱེད་པ་སྐྱེད་སྲིང་དང་། བཀོལ་སྤྱོད། དོ་དམ་བཅས་ལ་ཤུགས་སྣོན་པ། དགོན་པའི་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་ཡག་པོར་འབྲི་དགོས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པ་དེ་ཁྱོན་ཡོངས་རང་བཞིན་གྱི་བྱ་བ་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མ་མཐའི་བསམ་བློ་བརྟན་པོར་འཛུགས་པ། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བ། མི་མངོན་པའི་རྐྱེན་ངན་རིགས་སྣ་ཚོགས་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ནས་དོགས་ཟོན་དང་སེལ་ཐབས་བྱེད་པ། དོན་ཆུང་དང་དོན་ཆེན་ནར་འགྱངས་བྱེད་པར་བཀག་འགོག་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡང་དག་པའི་མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་དམ་པོར་འཛུགས་པ། བྱ་བ་བསྒྲུབ་འདོད་པ་དང་བྱ་བ་སྒྲུབ་ཐུབ་པ། ཁག་ཁུར་བྱེད་ཕོད་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ལས་བྱེད་པ་འདེམ་པ་དང་བཀོལ་སྤྱོད་བྱེད་པ། བློ་མཐུན་གྱི་འབྲེལ་བ་དང་གོང་འོག་རིམ་གྱི་འབྲེལ་བ། གསར་དར་སྲིད་གླེང་འབྲེལ་བ་བཅས་ལེགས་པོ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་དང་ནན་ནན་ཏན་ཏན་གྱི་མི་ཞིག་བྱས་ཏེ། ཏང་ཡོན་ལས་བྱེད་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཆི་ཧྥན་དང་། པད་ཁོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།