ཟླ12པའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ གྲོས་ཚོགས་ཐེངས་བཅུ་གསུམ་པར་གྲོས་ཞིབ་བྱེད་པར་ཕུལ། སྙན་ཞུའི་ནང་རྨ་ཆུར་སྲུང་སྐྱོང་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་བདུན་གྱི་ཐད་ནས་རྨ་ཆུའི་སྲུང་སྐྱོང་ལ་གྲོས་གཞི་བཏོན་ཡོད།
སྙན་ཞུ་ལས་བལྟས་ན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རང་རྟོགས་ངང་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་སྒྲུབ་པ་དང་བཅའ་ཁྲིམས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། རྨ་ཆུའི་སྲུང་སྐྱོང་དང་བཅོས་སྐྱོང་ལ་མཉམ་དུ་དམ་འཛིན་ཡག་པོ་བྱེད་པ་དང་། བཞུར་རྒྱུད་ཡོངས་ཀྱི་རིམ་པ་སོ་སོར་ཁྱབ་པའི་རིག་ལྡན་རྨ་ཆུའི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་མགྱོགས་མྱུར་ངང་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མཐུན་སྦྱོར་ཐབས་ཇུས་དོ་དམ་ལ་འདེགས་སྐྱོར་བྱེད་དགོས། དུས་མཚུངས་སུ་རྨ་ཆུའི་བཞུར་རྒྱུད་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་སོགས་ཆ་ཚང་གཏན་འབེབས་མགྱོགས་མྱུར་ངང་བཟོ་བ་དང་། ཁྲིམས་བསྟར་དང་ཁྲིམས་འཛིན་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་མུ་མཐུད་དུ་སྤེལ་དགོས་པར་སྙམ།
སྙན་ཞུ་ལས། ཆུ་གྲོན་ཆུང་དང་ཚོད་འཛིན་གཏིང་ཟབ་བྱེད་དགོས་པ་དང་། “ཆུའི་གཏན་འཁེལ་བཞིའི”རྩ་དོན་དོན་འཁྱོལ་བྱེད་པ། ཆུའི་ཐོན་ཁུངས་ཀྱི་གཅུན་འདོམས་བརྟན་པོར་ཤུགས་སྣོན་པ། བཞུར་རྒྱུད་ཡོངས་ལ་ཁྱབ་པའི་ཆུ་བཀོལ་སྤྱོད་བསྡོམས་འབོར་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། ཆུ་གྲོན་ཆུང་དང་ཚོད་འཛིན་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པ། ཆུ་གྲོན་ཆུང་རྣམ་པའི་ཞིང་ལས་འཕེལ་རྒྱས་གཏོང་བ། ཟད་གྲོན་ཆེ་བའི་ཆུའི་ཐོན་ལས་ཀྱི་ཆུ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཀྱི་ཆུའི་དྲ་བ་མགྱོགས་མྱུར་ངང་འཛུགས་པ་བཅས་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་བཀོལ་སྤྱོད་དབང་ཆ་དེ་བཞུར་རྒྱུད་ལས་བརྒལ་བ་དང་། ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག་དང་ནང་བཤུག་གཏོང་བའི་ལམ་སྲོལ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན་ཡོད།
རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་པའི་ཐད་ནས། སྙན་ཞུའི་ནང་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ནུས་པ་མཐོར་འདེགས་བཏང་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ། བྱེ་འགྱུར་ས་ཞིང་དང་ས་ཆུ་ཤོར་ཚད་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཏེ། གཙོ་གནད་ས་ཁོངས་ཀྱི་བྱེ་མ་ཅན་དུ་འགྱུར་བར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨད་རྒྱུད་ཀྱི་བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱས་ཏེ། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལམ་གྱི་སྐྱེ་ཁམས་བྱེད་ནུས་མཐོར་འདེགས་དང་མཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་བཏོན་ཡོད།
གཞན་ཡང་སྙན་ཞུ་ལས་ད་དུང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་སྤེལ་ནས། ཆུ་དང་བྱེ་མ་ཚོད་འཛིན་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བ་སོགས་ཕྱོགས་བཞིར་དམིགས་ནས་གྲོས་གཞི་བཏོན་ཡོད། བྱེ་བྲག་གི་གྲོས་གཞི་དེའི་ནང་གཙང་པོ་དང་མཚེའུ་གཙོ་བོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ལས་གྲུབ་ཆ་དང་ནུས་ཁུངས་གྲུབ་ཆ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ། རྨ་ཆུའི་རིག་གནས་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་པ་སོགས་འདུས་ཡོད།