ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་དགོང་སྟོན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ12པའི་ཚེས19ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་དགོང་སྟོན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ12པའི་ཚེས19ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ5ནི་ཨའོ་མིན་གྱི་ལོ་རྒྱུས་སྟེང་ཧ་ཅང་སྤྱིར་བཏང་མིན་པའི་ལོ5ཡིན་ཞིང་། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་པ་དང་དུས་རབས་ཀྱི་རིམས་ནད་ཀྱི་ཉམས་སད་དྲག་པོའི་མདུན་དུ། དམིགས་བསལ་སྲིད་འཛིན་ཁུལ་སྐབས་ལྔ་པའི་སྲིད་གཞུང་གིས་ཨའོ་མིན་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་། དངོས་སྒྲུབ་དོན་གཉེར་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འཕེལ་བར་སྐུལ་འདེད་བཏང་། ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བས། ཨའོ་མིན་ཁྱད་ཆོས་ཀྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལེགས་འགྲུབ་བྱུང་བའི་ལེའུ་གསར་པ་ཞིག་བརྩམས།
ཨའོ་མིན་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་གི་གསོལ་སྟོན་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཆུ་ཚོད18ཙམ་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་དང་ལྕམ་མོ་ཀྲིན་སུའུ་ཀྲིན་གྱི་ཕེབས་རོགས་འོག ཚོམས་ཆེན་དུ་ཕེབས་སྐབས་ཚོགས་རའི་མི་ཡོངས་ཡར་ལངས་ནས་དགའ་བསུ་ཞུས།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་གསུང་བཤད་གནང་། ཁོང་གིས་ཐོག་མར་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཚབ་མཛད་ནས་ཨའོ་མིན་གྱི་ཡུལ་མི་ཡོངས་དང་ཨའོ་མིན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་མཛའ་མཐུན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ5ཡི་ནང་ཨའོ་མིན་གྱི་དཔལ་འབྱོར་འོས་འཚམ་གྱི་སྣ་མང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། དམངས་འཚོའི་བདེ་སྐྱིད་སྐས་རིམ་གསར་པ་ཞིག་ཏུ་སླེབས། རྒྱལ་གཅེས་ཨའོ་གཅེས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྨང་གཞི་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། ལོ5པོ་འདིའི་ནང་ཨའོ་མིན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་པ་ལས་བྱུང་བ་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་ལོག་ས་ཁུལ་གྱི་རྒྱབ་སྐྱོར་ཆེན་པོ་བྱས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཧུར་ཐག་གིས་ཟབ་ཞུགས་བྱས་པ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཨའོ་མིན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོའི་ཐད་བསྐྱོད་ཚེ་ཚད་གཞི་སྔར་ལས་མཐོ་བ་དང་། ལམ་ཐག་སྔར་ལས་རིང་བ། འཕེལ་རྒྱས་སྔར་ལས་ལེགས་པ་བཅས་ཡོང་བའི་ཆ་རྐྱེན་དང་ནུས་པ་ལྡན་ཡོད།
ཞི་ཅིན་ཕིང་གིས་ཨའོ་མིན་ལ་རེ་བགསུམ་བཏོན་པ་སྟེ། གཅིག་ནི་མཐོ་སར་སྙེག་ནས་རྒྱང་ལྟ་བྱེད་པ། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་བཅས་ཀྱི་མཚོ་ཁུག་ཆེན་པོ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྔར་ལས་ཧུར་ཐག་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། རྒྱལ་སྤྱིའི་གར་སྟེགས་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། གཉིས་ནི་ལེགས་ཆ་ཅི་རིགས་བསྡུ་ལེན་བྱེད་པ། རྒྱལ་གཅེས་ཨའོ་གཅེས་ཀྱི་དར་ཆའི་འོག་སྔར་ལས་སྒོ་འབྱེད་ཁོང་ཡོངས་དང་། མཐུན་སྒྲིལ་གྱི་ནུས་ཤུགས་གཅིག་ཏུ་བསྡུ་བ། གནམ་འོག་གི་འཇོན་མི་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཨའོ་མིན་མཉམ་དུ་བསྐྲུན་དགོས། གསུམ་ནི་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། སྤོབས་པ་སྔར་ལས་ཆེ་བ་མངོན་པ་དང་། སྒྱུར་བཅོས་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་སྔར་ལས་ལེགས་པར་བྱས་ནས་ཨའོ་མིན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་བརྟེན་ཡོད་པས། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཡང་འབད་བསྐྱར་འབད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མཆོང་སྐྱོད་གསར་པ་མངོན་འགྱུར་དང་འོད་སྟོང་གསར་པ་གཏོད་ཐུབ་ངེས་ཡིན།
ཧི་དབྱི་ཁྲིན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨའོ་མིན་དུ་ཕེབས་པ་ནི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཀྲ་ཤིས་པའི་དོན་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཐུགས་ཁུར་ཟབ་མོ་གནང་བས། ཨའོ་མིན་གྱི་སྤུན་ཟླར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་གཟི་བརྗིད་ཀྱི་ཚོར་སྣང་ཟབ་མོ་བྱུང་ཡོད། ཨའོ་མིན་ནི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཞིག་ཡིན་པའི་ངོས་ནས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག སྐབས་དྲུག་པའི་སྲིད་འཛིན་དཔོན་སྐུ་ཞབས་ཚིན་ཧའོ་ཧུའེ་ཡིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་སྣེ་ཁྲིད་དེ། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།
ཚའེ་ཆི་དང་ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥིན། ཝང་ཞའོ་ཧུང་། ཝང་ཏུང་ཧྥིན། ཞ་པའོ་ལུང་སོགས་གསོལ་སྟོན་ལ་ཞུགས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧོའུ་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བསྐོ་གཞག་ལ་སྒུག་པའི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ། སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཨའོ་མིན་གྱི་ལས་རིགས་སོ་སོའི་འཐུས་མི་སོགས་ཀྱང་གསོལ་སྟོན་ལ་ཞུགས།