ཞི་ཅིན་ཕིང་གིས་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་བ།
ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཧི་དབྱི་ཁྲིན་ལ་ཁྱོད་ཀྱིས་སྲིད་འཛིན་དཔོན་གྱི་འགན་བཞེས་ནས་ལོ5རིང་ལ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དངོས་སྒྲུབ་དོན་གཉེར་བྱས་པ་ནི་ལས་སླ་མོ་ཞིག་མིན་ལ་གྲུབ་འབྲས་ཀྱང་ཐོབ་ཡོད། ཁྱོད་ཀྱིས་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་ཨའོ་མིན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་གྱི་འགྲན་རྩོད་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། དཔལ་འབྱོར་འོས་འཚམ་སྒོས་སྣ་མང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་པ་ཐོབ་པ། དར་རྒྱས་བརྟན་བརླིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད། ཀྲུང་དབྱང་གིས་ཁྱོད་དང་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་ཁྱོད་ཀྱིས་སྲིད་འཛིན་དཔོན་གསར་པ་དང་དེའི་དོ་དམ་བཅོས་སྐྱོང་ཚོགས་པས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་ལེགས་པོ་བྱས་ནས། མུ་མཐུད་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལས་དོན་དང་། ཨའོ་མིན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བའི་རེ་བ་བཅངས་ཡོད་ཅེས་བསྟན།
ཧི་དབྱི་ཁྲིན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཨའོ་མིན་གྱི་གྲོང་ཁྱེར་སྡོད་དམངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཕེབས་པར་མ་ཟད་ཨའོ་མིན་ལ་གཟིགས་ཞིབ་གནང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་ཀྲུང་དབྱང་གི་རྒྱབ་སྐྱོར་ཆེན་པོའི་འོག ལོ་ལྔའི་རིང་ཨའོ་ིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་གསུམ་རིང་གི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་འཇལ་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་ཅེས་བཤད། ཁོས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ནས། ཨའོ་མིན་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་མུ་མཐུད་དུ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།
ཚའེ་ཆི་དང་ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།